༄༅།། བོད་ཀྱི་ཇོ་མོའི་ལས་དབང་།

རྩོམ་པ་བོ། རོང་བོ་རང་འཚོལ།

ཐོག་མར”མི་ལྷག”ཅེས་པའི་ཐ་སྙད་འདིར་གོ་བ་སྟབས་བདེ་ཞིག་བླངས་ན། “མི་ལྷག”ཅེས་པ་ནི་གོ་ཆོད་མེད་པའི་མི་ལྷག་མའམ་ཟུར་པ་ཞེས་པའི་དོན་ལ་གོ་དགོས་ཤིང་འདི་ནི་རང་རེས་གསར་དུ་སྤྱོད་ཀྱིན་པའི་ཐ་སྙད་གཅིག་ཆགས་བཞིན་འདུག སྤྱིར་ལྷག་མ་ཞེས་པའི་ཐ་སྙད་འདི་ང་ཚོས་སྔོན་ནས་བཀོལ་བཞིན་པའི་རྒྱུན་སྤྱོད་ཐ་སྙད་གཅིག་ཡིན་རུང་དེ་ཉིད་ནུས་པ་མེད་པ་དང་། སྤྱི་ཚོགས་ལ་མཁོ་དགོས་མེད་པའི་མི་ལ་སྦྱར་ཏེ”མི་ལྷག”ཅེས་པ་གཞན་ལ་མཐོང་ཆུང་དང་ཁྱད་གསོད་ཀྱི་ཚིག་ཅིག་ཏུ་སྣང་ཞིང་། འདི་ནི་ད་སྐབས་རང་རེས་གསར་དུ་སྤྱོད་ཀྱིན་པའི་ཕན་ཚུན་བརྙས་བཅོས་ཀྱི་ཚིག་གཅིག་ཏུ་ཡང་ཆགས་བཞིན་པར་སེམས། ཞོར་དུ་ང་ཚོས་མི་ལྷག་ཟེར་བའི་ཐ་སྙད་འདི་མི་ཅི་འདྲ་དག་ལ་བཀོལ་བཞིན་པར་འདང་རེ་རྒྱབ་ན། ཞང་སྟོན་བསྟན་པ་རྒྱ་མཚོ་མཆོག་ནས། དོན་བསམ་བློ་མི་གཏོང་མདོ་མེད་པོ།། ས་གང་དུ་སོང་ཡང་སྡུག་བསྔལ་མེད།། མི་སྤྲང་པོས་ཁྲིད་པའི་སྤྲེའུ་དེ།། ཁྲོམ་གར་སོང་བཞད་གད་ཆ་ལ་ལ།། ཞེས་པ་ལྟར་རྒྱུན་དུ་སོ་སོའི་གནས་བབ་མི་མཐོང་ཞིང་ལས་དང་བྱ་བ་མེད་པ། འཚོ་བ་དང་རིག་གནས། ཁྱིམ་ཚང་དང་སྤྱི་ཚོགས་སོགས་ཀྱི་ཟ་ཟུར་གང་ནས་ཀྱང་བརྩོན་ལེན་དང་སེམས་ཤུགས་མེད་ཅིང་རང་གཞན་རོགས་གསུམ་སུ་ལའང་འགན་མེད་པའི་ངང་། ནམ་ཉིན་འཁྱོལ་ཐབས་བྱེད་མཁན་དག་ལ་ད་གཟོད་མི་ལྷག་ཅེས་པའི་ཐ་སྙད་འདི་བཀོལ་བཞིན་འདུག་ལ། ཕྱོགས་གཅིག་ནས་བྲེལ་བྲེལ་འཚུབ་འཚུབ་ཡིན་པའི་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་ལ་བསམ་ན། ངན་མིང་གང་དེ་མཐའ་གཅིག་ཏུ་བརྙས་ཚིག་ཁོ་ནར་བསམ་ན་ཡང་འོས་མཐུན་ཞིག་མ་རེད་འདོད། འོ་ན་འུ་ཚོའི་མི་རིགས་འདིར་དེ་ལྟ་བུའི་མི་ལྷག་ཨེ་ཡོད་དང་ཡོད་ན་དུ་ཡོད་སོགས་ལ་བསམས་ན། བགྲང་བས་མི་ལང་བ་ཞིག་ཡོད་པ་བཤད་མི་དགོས་ཤིང་། ཐ་ན་རིག་གནས་པའི་སྡེ་ཁག་ན་ཡང་མི་ལྷག་པོ་བདག་ལྟ་བུ་དག་ནི། གང་དང་གང་དུ་ནའང་འབུ་སྲིན་ལྟར་ཤིག་ཤིག་ཏུ་འགུལ་བཞིན་སོག་མ་བཞིན་ཕང་ཕུང་དུ་གནས་ཡོད་པ་རེད།

ཉེ་ཆར། “བོད་ཀྱི་བཙུན་མ་དག་ནི་བོད་ཀྱི་མི་ལྷག་རེད”ཅེས་དང”བོད་ཀྱི་བཙུན་དགོན་ནི་བོད་ཀྱི་མི་ལྷག་གཉོར་སའི་ཁྱིམ་ཚང་རེད”ཅེས་པའི་སྐད་ཆ་མི་གཙང་བ་ཞིག་ཀྱང་བདག་གི་རྣ་ལམ་དུ་ལྷུང་མྱོང་། སྐབས་དེ་དུས་སུ། བདག་གིས་དེར་སྣང་ཡིད་ཙམ་ཡང་མ་བཞག་པར་ལྷག་སོང་མོད། ད་ལྟ་ཕྱིར་འདང་རེ་བྱས་ན། བྱེ་བྲག་མེད་པར་བོད་ཀྱི་བཙུན་མ་ཡོད་དོ་བོད་ཀྱི་མི་ལྷག་རེད་ཅེས་པའི་མིང་ངན་འདི་འདྲ་སྦྱར་ཡོང་ན་ནི་གནས་ལུགས་དང་མི་མཐུན་ཞིང་འོས་འཚམས་ཤིག་ལར་ནས་མ་རེད་མོད། བསླབ་པ་སློབ་གཉེར་དང་སྒོམ་སྒྲུབ་ཉམས་ལེན་སོགས་གང་ཡང་མེད་པའི་ཇོ་མོ་མང་དག་ཅིག་གི་ཕྱོགས་ནས་བསམས་ན། དེ་ལྟར་གླེང་ཡང་གཞི་འཛིན་ས་མེད་པའི་འོལ་བཤད་དང་ཉེས་འདེབས་ཤིག་རེད་ཅེས་གཏན་འགྲེལ་ཤེས་མ་སོང་། འོ་ན། དོན་དམ་དུ་བོད་ཀྱི་བཙུན་མ་དག་བོད་ཀྱི་མི་ལྷག་ཅིག་ཨེ་རེད་ཅེ་ན། དེ་ནི་བོད་ཀྱི་བཙུན་མ་དག་གིས་ཅི་ཞིག་འཇོན་མིན་དང་ནུས་མིན། མཐར་དེད་ན་ཁོ་ཚོར་སྐྱེས་སྦྱང་གི་ཡོན་ཏན་དང་བྱས་པ་ཅི་ཞིག་འདུག་ཅེས་པའི་ཐོག་ནས་ང་ཚོས་ཡང་དག་པ་ཞིག་དཔྱད་དེ། ད་གཟོད་བོད་ཀྱི་བཙུན་མའི་ལྕི་ཡངས་གླེང་ན་གཞི་ནས་འགྲིག་གོ་སྙམ་མོ།།

སྡེ་བ་གཞན་གྱིས་བོད་ཀྱི་བཙུན་མ་དག་བོད་ཀྱི་མི་ལྷག་རེད་ཟེར་བའི་གནད་དོན་ཡང་ཁག་ཅིག་འདུག་སྟེ།

༡ བོད་ཀྱི་བཙུན་མ་དག་སློབ་སྦྱོང་སྤུས་གཙང་ཞིག་བྱེད་པའི་ཁོར་ཡུག་མེད་པས་བོད་ཀྱི་རིག་གནས་དང་རིག་གཞུང་སོགས་ལ་སྦྱང་བ་དབེན་སོང་བ་དང་།

༢ བོད་ཀྱི་བཙུན་མ་དག་རིག་གཞུང་རིག་གནས་ལ་བརྩོན་སེམས་དང་འདུན་པ་མེད་པས་ཤེས་ཡོན་པའི་ཕྱོགས་སུ་གོམ་པ་སྤོ་ཐུབ་མེད་པ།

༣ བོད་ཀྱི་བཙུན་མ་དག་ནི་ཆོ་ག་འདོན་ཀློག་དང་ཡུལ་སྡེའི་རིམ་འགྲོ་བྱེད་མཁན་ཙམ་ལས་གཞན་པའི་ཆེད་ལས་དང་བྱ་བཞག་ཅི་ཡང་མེད་པ།

༤ བོད་ཀྱི་བཙུན་མ་དག་རང་གར་ས་ཁུག་རི་ཁུག་དག་ལ་ཚོགས་དང་འཚོགས་པ་བཅས་ནས་སྔོན་འགྲོ་འཁྱོལ་མ་འཁྱོལ་སོགས་ལ་སེམས་ཁྲལ་བྱས་ནས་བཞུགས་བཞག་ཡོད་པ་ལས་རྒྱང་ཐག་རིང་བའི་ཕུགས་བསམ་དང་འོོད་སྣང་ལྡན་པའི་སྤོབས་སེམས་ཟེར་བ་གང་ཡང་མེད་པ།

༥ བོད་ཀྱི་བཙུན་མ་དག་ལ་དགོན་བདག་རྣམས་ཀྱིས་ཡང་དག་པའི་མདུན་ལམ་བསྩལ་བ་དང་། ཐ་ན་ལྷིིང་འཇག་གི་འཚོ་བ་སྐྱིད་པོ་ཞིག་རོལ་བའི་རྒྱབ་སྐྱོར་མེད་ཀྱང་། དགོན་བདག་དག་གིས་བཀའ་གང་བསྩལ་དེ། ཁོ་ཚོས་དང་ལེན་བྱེད་ཨེ་ཐུབ་ལྟ་བཞིན་གཞན་གྱི་གཡོག་གྲལ་དུ་འདུག་པ།

༦ བོད་ཀྱི་བཙུན་མ་དག་གིས་རང་ལ་ཐོབ་འོས་ཀྱི་ཐོབ་ཐང་ཅི་ཞིག་ཡིན་རུང་བརྩོན་ལེན་མི་བྱེད་པར་སྒྱིད་ལུག་སྙོམས་ལས་ཀྱིས་མི་ཚེ་འཁྱོལ་ཐབས་བྱེད་པ།

༧ ཆེས་འཇིགས་ཤིང་སྐྲག་པ་ནི་བོད་ཀྱི་བཙུན་མ་དག་གིས་རང་ངོ་རང་གིས་མི་ཤེས་པའི་ཁར་གཞན་གྱི་ཁ་ངོར་བལྟས་ནས་འདུག་རྒྱུའི་གཤིས་ངན་ལ་འཇོན་ཐང་དང་འགྲིག་མཐུན་དུ་ཉིད་དུ་ལྟ་བ།

༨ བོད་ཀྱི་བཙུན་མ་དག་གིས་ཆོས་དང་འཇིག་རྟེན་གྱི་དབྱེ་མཚམས་ལེགས་པོ་མི་ཤེས་པར། རང་གར་ངུར་སྨྲིག་གི་བཙུན་ཆས་ལུས་ལ་གྱོན་པ་ཙམ་གྱིས་ཆོག་པར་འཛིན་པ་ཅེས་སོགས་མང་དུ་བཤད་ཀྱིན་འདུག ཡིན་ཡང་། འདི་དག་གི་ལན་ནི་བོད་ཀྱི་བཙུན་མ་རང་ངོས་ནས་གོམ་པ་སྤོ། མགོ་བོ་དགྱེ་ནས་དོན་ཐོག་ཏུ་འཁྱོལ་བ་ཞིག་གདབ་ཐུབ་དགོས་པ་ལས་གཞན་པའི་བླ་མ་དང་མཁས་པ་སུས་ཀྱང་ད་སྔོན་རོགས་མ་བྱས་ལ་ཕྱིས་ཀྱང་རོགས་དང་རམ་འདེགས་བྱེད་ཐུབ་པ་ཞིག་ལར་ནས་མ་རེད་འདོད།

མང་པོས་བོད་ཀྱི་བཙུན་མ་དག་ལས་ཀ་བཀོལ་ན་འཇོན་པོ་ཡོད་རབས་དང་ཁྱིམ་གྱི་བཀའ་ལ་བརྩི་འཇོག་ཆེ་རབས་སོགས་ཀྱི་བསྟོད་པ་བྱེད་མོད་ཀྱི། བོད་ཀྱི་བཙུན་མ་ནི་བཙུན་མ་ཡིན་པ་ལས་ཁྱིམ་ལས་བྱེད་མཁན་དང་ཁྱིམ་ཚང་སྐྱོང་མཁན། དེ་བཞིན་དགོན་གྲོང་གི་ལས་བྱེད་གླ་པ་གང་ཡང་མིན་པས། འཇིག་རྟེན་གྱི་ལས་སྒོ་གང་ཞིག་འཁྱོངས་དང་མི་འཁྱོངས་ཟེར་ཏེ་ཁོ་ཚོའི་ཚད་གཞི་འཇལ་བ་ནི་ངོ་མ་མཐོང་ཆུང་གི་རྣམ་འགྱུར་དཔེ་མེད་པ་ཞིག་རེད། དེས་ན་བོད་ཀྱི་བཙུན་མ་ཚོ་མི་ལྷག་མ་ཞིག་ཡིན་དང་མ་ཡིན་ཡང་ཁོ་ཚོའི་ལམ་དང་ལངས་ཕྱོགས་ཤིག་གི་ཐོག་ནས་བྱས་པ་ཡོད་མེད་ལ་དཔྱད་དགོས་པ་ལས་ཁོ་ཚོས་སྐྱོང་མི་དགོས་པ་ཞིག་འཁྱོངས་དང་མི་འཁྱོངས་ཟེར་ས་གང་ལ་འགྲོ་ཨང་། ཁ་ཅིག་གིས། ཁོ་ཚོར་ཁོ་ཚོའི་ཐོབ་ཐང་གི་ཐད་ནས་བསམ་གཞིག་བྱས་ནའང་ཅི་ཡང་བཤད་རིན་མི་འདུག་ཟེར་ཅིང་། གྲོགས་མང་པོས་ད་ལྟ་བོད་ལ་ཆེས་སྙིང་རྗེ་བའི་མི་ཚོགས་ཤིག་འདུག་པ་ནི་ཨ་ནེ་ཟེར་བ་འདི་ཚོ་རེད། ཁོ་ཚོ་ལས་ཤ་ཚ་ཞིང་སྙིང་རྗེ་བ་ཞིག་གང་ན་ཡང་མི་འདུག ཁོ་ཚོར་ཡོད་པ་ནི་བཟོད་པ་གོ་ལོག་ཁག་ཅིག་སྟེ། སློབ་གཉེར་མེད་ཀྱང་མི་སྐྱོན་ཞིང་མི་དགོས་པའི་བཟོད་པ། མདུན་ལམ་མེད་ཀྱང་མི་དགོས་པའི་བཟོད་པ། དགེ་རྒན་མེད་ཀྱང་མི་དགོས་པའི་བཟོད་པ། མཐུན་རྐྱེན་མེད་ཀྱང་མི་དགོས་པའི་བཟོད་པ། ཅི་ཡང་མེད་ཀྱང་ཅི་ཡང་མི་སྐྱོན་ཅིང་མི་དགོས་པའི་བཟོད་པ་སྟེ་བཟོད་པ་གོ་ལོག་ཁག་ཅིག་འདུག་ཟེར། ཇོ་མོ་ཚོ། ཁྱེད་ཚོས་འདི་དག་ལ་ལན་ཇི་ལྟར་གདབ་འཆར་ཡིན་ནམ། བཙུན་མ་ནི་བོད་ཀྱི་མི་ལྷག་ཅིག་ཟེར་ན་འདོད་དམ།

ཡང་རེ་འགས་བོད་ཀྱི་བཙུན་མ་ནི། བློ་ལྡོག་རྣམ་བཞིའི་སློབ་མ་རེད། ཁོ་ཚོས་དེ་དག་གི་དོན་གོ་ཞིང་འགྲེལ་འཁྱོངས་པ་ཙམ་གྱིས་བསམ་པ་དང་རེ་བ་ཡོད་ཚད་ཁེངས་ཟིན་པ་སྟེ། ཁོ་ཚོའི་སློབ་གཉེར་གྱི་ཆེས་མཐོ་བའི་ཕུགས་བསམ་ཡང་དེ་ཙམ་ཡིན་འདུག་ཅེས་དང་།ལ་ལས། བོད་ཀྱི་བཙུན་མའི་མི་ཚེ་དང་བསམ་འདུན་ནི་རབ་རིབ་ཅིག་སྟེ། ནམ་ཡང་དང་དུ་མེད་པའི་སྨུག་ནག་གཅིག་རེད་ཅེས་ཀྱང་ཟློ། དེ་དག་རེ་རེ་ནས་བསམ་ན། དོན་དམ་དུ་བོད་ཀྱི་བཙུན་མའི་མི་ཚེ་དང་འཚོ་བ་ནི་ཅི་འདྲ་ཞིག་ཡིན་ནམ། འདི་ནི་ངོ་མ་བཤད་མི་ཤེས་པ་ཞིག་རེད་ཡ། ཡང་ཁ་ཤས་ཀྱིས། བོད་ལ་བཙུན་མའི་སྡེ་འདི་འདྲ་ཞིག་མ་བྱུང་ན། མ་མཐའ་ཡང་བོད་ལ་ཨ་མའི་རིགས་མང་ཙམ་ཞིག་གིས་བུ་ཕྲུག་མང་ཙམ་བཙས་ཏེ། དེའི་ནང་ནས་རླབས་ཆེ་བའི་མི་སྣ་སྐོར་ཞིག་འབྱུང་ན་ཐང་ཞེས་པའི་བསམ་ཚུལ་འཆད་མཁན་ཡང་མཆིས། ཁོ་ཚོས་འདི་ལྟར་ཟེར་ནས་དོན་དུ་ཅི་ཞིག་བཤད་ཀྱིན་ཡོད་པ་ནི་ནམ་ལངས་ཉི་ཤར་མ་ཡིན་ནམ། གང་ལྟར་ད་ལྟ་མང་མང་གི་སེམས་སུ་བོད་ཀྱི་བཙུན་མ་ནི་བོད་ཀྱི་མི་ལྷག་གཅིག་ཏུ་རྩི་བཞིན་འདུག་པས། ཇོ་མོ་ཚོ། སྐད་ཆ་དེ་དག་ཁྱེད་ཚོས་མུ་མཐུད་དུ་ཉན་ན་འདོད་དམ། བརྙས་ཚིག་འདི་དག་མུ་ནས་མུ་རུ་ཐོས་ན་འདོད་དམ།

གཞན་ཡང་། བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་དག་ལ་ཆེས་དཀའ་ཁག་ཆེ་བའི་གནད་དོན་ཞིག་ཕྲད་ཀྱིན་ཡོད་པ་ནི་རོང་འབྲོག་ཁུལ་གྱི་ཕལ་བའི་བུད་མེད་ཙམ་མ་ཟད། སློབ་མ་དང་ཇོ་མོ་དག་གིས་ཀྱང་རང་གི་གནས་བབ་རང་གིས་མི་ཤེས་ཤིང་རང་གི་མདུན་ལམ་རང་གིས་མི་དཔྱོད་པ་འདི་རང་འཆད་ཀྱིན་འདུག དེས་ན་ཇོ་མོ་ཚོས་གཞན་གྱི་བཤད་ཚད་ལ་རྣ་བ་གཡར་དགོས་དོན་མེད་རུང་གཞན་གྱི་བཤད་ཚད་པོ་འདོར་རྐྱང་བྱས་ན། ནམ་ཞིག་སྤྱི་ཚོགས་དང་ཁོར་ཡུག་གིས་རང་ཉིད་མི་འདོར་བའི་ངེས་པ་མི་འདུག་པས། ད་ནས་བོད་ཀྱི་བཙུན་མ་རྣམས་ཀྱིས་ཅིས་ཀྱང་ལམ་དང་ལན་ཞིག་འཚོལ་བའི་དུས་ལ་བབས་འདུག་གོ ། མདོར་དྲིལ་ན། བོད་ཀྱི་བཙུན་མ་རྣམས་བོད་ཀྱི་མི་ལྷག་ཅིག་ཡིན་མིན་དེ་བོད་ཀྱི་བཙུན་མ་རང་ངོས་ནས་བོད་ལ་མཁོ་བའི་བྱ་བ་ཅི་ཞིག་བསྒྲུབ་ཐུབ་མིན་དང་། རང་ལ་དགོས་པའི་ཡོན་ཏན་ཅི་ཞིག་ལ་འབད་མིན། བོད་ཀྱི་རིག་གཞུང་དང་སློབ་གསོ་ལ་ཁ་གསབ་གང་ཞིག་བྱེད་ཐུབ་མིན་བཅས་ལ་ཐུག་འདུག་པས། མ་འོངས་པར་བོད་ཀྱི་བཙུན་མ་རྣམས་ཀྱིས་བྱ་གཞག་ལག་ལེན་དངོས་ཀྱི་ཐོག་ནས་གཞན་གྱི་བསམ་ཡུལ་ལས་འདས་པའི་ལན་ཞིག་རྒྱག་ཐུབ་པའི་རེ་སྨོན་དང་བཅས་ཏེ་སྦྱར།

༢༠༡༦ / ༤ / ༦


ལན་སློག


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up