16244501_1403803609661783_273180825_nབློ་གྲགས། (ཨ་རི། )
ཉེ་ལམ་ཆང་ས་ལོ་དེབ་རྩོམ་སྒྲིག་པ་གྲོགས་པོ་ཨ་རིག་འགྱུར་མེད་ཀྱིས་ཆང་ས་ལོ་དེབ་གསུམ་པ་ (༢༠༡༥) དང་བཞི་བ་ (༢༠༡༦) གཉིས་ཀ་བསླེབས་ཡོད་ཟེར་བས། ངས་ལོ་དེབ་གཉིས་ཀ་རེ་རེ་ཉོས་པ་ཡིན། རྒྱུ་མཚན་ཁོས་བོད་མི་རིགས་ཀྱི་སྐད་ཡིག་ལ་ཞབས་འདེགས་ཞུ་བཞིན་འདུག་བསམ་སྟེ་དགའ་སྣང་གིས་དུས་དེབ་གཉིས་ཀ་ཉོས་པ་ཡིན། ཁ་སང་དུས་ཚོད་བྱུང་བས་ ༢༠༡༦ ལོའི་ཆང་ས་ལོ་དེབ་ནང་དུ་ཅི་ཞིག་ཡོད་དམ་སྙམ་སྟེ་ཚར་གཅིག་བཀླགས་པ་ཡིན། ཀློག་མགོ་བརྩམས་པ་ནས་མཚམས་འཇོག་མ་ཐུབ་པར་དེབ་ཧྲིལ་བོ་བཀླགས་དགོས་བྱུང་། དེ་རིང་ ༢༠༡༥ ལོའི་ཆང་ས་ལོ་དེབ་ཀྱང་བཀླགས་ཏེ་ད་ལྟ་དེབ་གཉིས་ཀ་བཀླགས་ཚར་ཡོད།
དུས་དེབ་གཉིས་ཀ་ཀློག་རྒྱུར་ཧ་ཅང་སྟབས་བདེ་བ་དང་ཀློག་སྤྲོ་བ་ཞིག་འདུག དེའི་ནང་དུ་བརྗོད་བྱའམ་གོ་བརྡ་སྤྲོད་བྱེད་ཀྱི་ཐབས་ལམ་ལྟ་བུར་མཚོན་ན་དྲི་བ་དྲིས་ལན་གྱི་བཅར་འདྲིའི་རྣམ་པ་ཅན་དང་སྒྱུར་རྩོམ་གྱི་རྣམ་པ་ཅན། སྙན་ངག་བཅས་ཡོད་པ་ཞིག་ལ། བརྗོད་བྱའི་ཐད་ནས་སྣ་མང་རང་བཞིན་ཅན་ཞིག་རེད། ང་ཚོ་མི་ཆེ་འབྲིང་ཆུང་གསུམ་གང་འདྲ་ཞིག་ཡིན་རུང་སོ་སོའི་ཉིན་རེའི་འཚོ་བའི་ནང་དུ་ངེས་པར་དུ་གདོང་གཏད་དགོས་སའི་ཤེས་བྱ་མང་དག་ཅིག་འདུས་འདུག འདིའི་ནང་གི་བརྗོད་བྱ་བྱེ་བྲག་པ་རེ་ཟུང་སོ་སོས་ཤེས་ཀྱི་ཡོད་པའི་དབང་དུ་བཏང་ནའང་། དེའི་ནང་དུ་ཁ་གསལ་དུ་གཏོང་དགོས་པའི་རིགས་དང་གལ་ཏེ་ཤེས་ཀྱི་མེད་ན་ངེས་པར་དུ་ཤེས་དགོས་པ་དང་། ཕན་ཐོགས་ཡོད་པའི་རིགས་སྣ་མང་ཞིག་འདུག་པས། མདོར་ན་ཆང་ས་ནི་སྣ་འདུས་རང་བཞིན་གྱི་དུས་དེབ་ཅིག་རེད།
ང་ལ་བྱུང་བའི་ཚོར་བ་གཞན་ཞིག་ནི་ཆང་སའི་དྲ་དེབ་གང་ཡིན་རུང་གསར་བཏོད་ཀྱི་རྣམ་པ་ཅི་ཞིག་འདུག་ཟེར་ན། དེང་དུས་ཀྱི་རྣམ་པ་སྟེ་བཟའ་ཟླ་འཚོལ་བའི་གསར་བཏོད་ཀྱི་ཆའམ་ཁྱད་ཆོས་ཤིག་འདུག ང་ཚོ་ཕྱི་སྡོད་བོད་མི་ཚོ་ཤར་ཕྱོགས་རྒྱལ་ཁབ་རྒྱ་བལ་འབྲུག་གསུམ་དང་ནུབ་ཀྱི་ཨ་རི། ཡུ་རོབ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་མར་ཁ་འཐོར་ནས་ཡོད་སྟབས། ང་ཚོ་བོད་མི་རྣམས་ཀྱིས་བོད་རིགས་ནང་ཁུལ་གཉེན་སྒྲིག་བྱས་ཏེ་རིགས་རྒྱུད་གཙང་མ་ཞིག་སྤེལ་དགོས་ཚེ་ཆང་སའི་དྲ་དེབ་ནི་ཟམ་པ་ལྟ་བུ་ཞིག་ཏུ་མཐོང་སོང་།
མཐར། ཆང་ས་དྲ་དེབ་གཉིས་ཀྱིས་བོད་རང་གི་སྐད་ཡིག་བེད་སྤྱོད་གཏོང་གི་འདུག་པས། འདིར་ང་ཚོ་བོད་ཀྱི་སྐད་ཡིག་ཉར་ཚགས་དང་དར་སྤེལ་དུ་གཏོང་རྒྱུའི་ནུས་པ་ཞིག་ལྡན་འདུག དེར་བརྟེན་ཆང་ས་དྲ་དེབ་གཉིས་བྱུང་བར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་མུ་མཐུད་དེ་རྒྱུན་སྐྱོང་དང་བོད་རང་གི་སྐད་ཡིག་དར་སྤེལ་གང་ལེགས་གཏོང་ཐུབ་པའི་སྨོན་འདུན་བཅས།
ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༡ ཚེས་ ༡༨ ཉིན།


ལན་སློག


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up