15977967_1398012886907522_7553330862598625124_nཆང་ས་ལོ་དེབ་རྒྱ་གར་ནང་ཧིན་སྒོར་བརྒྱ་བྱས་ཏེ་བཙོང་གིན་ཡོད། ལོ་ལྟར་ངྷ་ས་གཡས་གཡོན་རང་དུ་ཉིས་བརྒྱ་ནས་སུམ་བརྒྱ་འགྲིམས་ཀྱིན་འདུག ཡིན་ནའང་། གོང་ཚད་ཐད་ནས་ལོ་ལྟར་བསམ་ཚུལ་བཤད་མཁན་བྱུང་།
“ཆང་ས་ལོ་དེབ་གོང་ཆེ་དྲགས་འདུག” དང་ “གོང་ཚད་མཐོ་བ་ལ།” ཟེར། དེ་ཟེར་མཁན་ཡང་སྐྱ་སེར་གཉིས་ཀའི་ཁྲོད་དུ་འདུག
དང་པོ་ངྷ་སའི་ཟས་སོང་དང་ཆང་ས་ལོ་དེབ་གཅིག་བསྡུར། ངྷ་སའི་ཟ་ཁང་ཕལ་ཆེ་བརམོག་མོག་སྡེར་མ་གང་ལ་ཧིན་སྒོར་བརྒྱ་ཡས་མས་ཡིན། དེ་བཞིན་འཐེན་ཐུག་དང་རྒྱ་ཐུག ཤ་ཁུ། སྔོ་ཚལ་སོགས་གང་འདྲ་ཞིག་ཡིན་རུང་སྡེར་མ་གང་ལ་ཧིན་སྒོར་བརྒྱ་ཡས་མས་ཡིན། ཡིན་ནའང་། མོག་མོག་སྡེར་མ་གང་ན་ལྟོ་བ་འགྲང་ཐག་ཆོད་ཅིག་མེད། གཞན་རྣམས་ཀྱང་དེ་འདྲ་ཡིན། རེད་དེ་མོག་མོག་སྡེར་མ་གང་གི་རིན་པས་ཆང་ས་ལོ་དེབ་ཀློག་ཐུབ་ཀྱིན་ཡོད། མོག་མོག་སྡེར་མ་གང་གི་རིན་པས་ཆང་ས་ལོ་དེབ་ནང་གི་ཤེས་བྱ་དང་རྩོམ་ཡིག འདྲ་པར་བཅས་ལ་རོལ་ཐུབ་ཀྱིན་ཡོད། ཆང་ས་ནི་ཚོན་ལྡན་དང་སྣ་འཛོམས། སྤུས་ལེགས་ཀྱི་དུས་དེབ་ཅིག་ཡིན།
ཡང་ཆང་ས་ལོ་དེབ་ཀྱི་དཔར་གླ་དང་བཙོང་རིན་གཉིས་གཅིག་བསྡུར། ཆང་ས་ལོ་དེབ་ཀྱིས་རྩོམ་ཡིག་སྤུས་ལེགས་དང་ཇུས་འགོད་སྤུས་ལེགས། ཤོག་བུ་སྤུས་ལེགས་ཤིག་ལ་འབད་འབད་དུང་དུང་བྱེད་ཀྱིན་ཡོད་པར་མ་ཟད། ཐ་ན་དཔར་ཁང་ཡང་ཚད་ལྡན་དང་སྤུས་ལེགས་ཤིག་ནས་དཔར་གིན་ཡོད། དེ་ལྟར་བྱེད་དོན་ཆང་ས་ལོ་དེབ་ཀློག་མཁན་གྱི་ལག་ཏུ་ཐོན་དུས་ཀློག་རིན་ཡོད་པ་ཞིག ལྟ་རིན་ཡོད་པ་ཞིག སྤུས་ཀ་ཡག་པོ་ཞིག་ལ་དམིགས་པས་ཡིན།
ཆང་ས་ལོ་དེབ་དཔར་གླ་གཅིག་པུར་ཆ་སྙོམ་གྱི་དེབ་གཅིག་ལ་ཧིན་སྒོར་ ༡༡༦ ཡིན་མོད། ཁྲོམ་ལ་ཐོན་དུས་དེབ་རེར་ཧིན་སྒོར་ ༡༠༠ བྱས་ཏེ་བཙོང་བཞིན་པ་འདི་རེད། འདི་ནི་ཕམ་ཚོང་རིགས་ཤིག་རེད། ལོ་ལྟར་ཇུས་འགོད་བྱས་གླར་ཧིན་སྒོར་ ༥༠༠༠ འཆོར་གྱིན་ཡོད་མོད་ད་ལོ་ནས་བཟུང་དེར་ཡང་ ༦༠༠༠ དགོས་ཟེར་བས་སྤྲད་བཞག ཡར་མར་དུ་བསྐུར་གླ་དང་ཤོག་ཐོག་ཏུ་དཔར་ནས་ཞི་དག་གཏོང་བ། རྩོམ་སྒྲིག་པ་དག་གིས་ལས་ཀ་བྱས་པ་སོགས་ལ་འགྲོ་སྒོ་མ་གཏོགས་ཡོང་སྒོ་སྐར་གང་ཡང་མེད། དེས་ན་ཆང་ས་ལོ་དེབ་གོང་ཚད་མཐོ་དྲགས་འདུག་གམ།
སྔ་མོ་ཞིག་ནས་ངས་འདི་ལྟར་བཤད་མྱོང་སྟེ། “ད་ལྟའི་ཁ་སྟབས་ཞན་པའི་བཙན་བྱོལ་གྱི་སྤྱི་ཚོགས་འདིའི་གནས་བབ་འོག་ཏུ། བོད་ཀྱི་སྐད་དང་ཡི་གེ མི་རིགས། སྤྱི་ཚོགས་གང་འདྲ་ཞིག་ལ་ཞབས་ཕྱི་བསྒྲུབ་བསམ་རུང་ལྷག་བསམ་རྣམ་དག་གིས་ཕར་འབུལ་རྒྱུ་ཞིག་ལས་ཚུར་ཡོང་རྒྱུ་ཞིག་ལ་རེ་ས་མེད།” ཅེས་པའོ། །
ཆང་ས་ལོ་དེབ་ཀྱིས་བོད་ཀྱི་སྐད་དང་ཡི་གེ གཞི་རིམ་མང་ཚོགས་བཅས་ལ་ཞབས་འདེགས་ཞུ་རྒྱུའི་བསམ་པ་ཙམ་ལས་ཚོང་ལས་ཀྱི་ངོ་བོར་འབད་ཀྱི་མེད། གལ་སྲིད་ཚོང་དང་ཁེ་བཟང་། ཡང་ན་རྒྱུ་དངོས་བསམ་མཁན་ཞིག་ཡིན་ན་ཆང་ས་ལོ་དེབ་ནི་གཉེར་བྱ་ཞིག་མིན་པར་འདོར་བྱའི་རིགས་སུ་གཏོགས་ལ། ལུས་དང་སེམས་ལ་དོན་མེད་དུ་དཀའ་ཚེགས་བསྐྲུན་པ་ལས་ཅང་མེད། ཡིན་ནའང་། ང་ཚོ་རང་རང་གི་ནུས་པ་དང་དགའ་ཕྱོགས་ལྟར་གྱིས་ལས་འདིར་འཇུག་གིན་ཡོད།
ཆང་ས་ནི་ཆེད་དུ་བཙན་བྱོལ་གྱི་དུས་དེབ་དག་གི་མདུན་ལམ་སྤུས་ལེགས་ཅན་དུ་གཏོང་བ་དང་བོད་ཀྱི་སྐད་ཡིག་གཞི་རིམ་མང་ཚོགས་ཅན་དུ་གཏོང་བ། སྐད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་བརྒྱ་ཆེ་རུ་གཏོང་བ། ཀློག་མཁན་གྱི་སེམས་སུ་བོད་ཡིག་ནི་དམ་པའི་གསུང་རབས་དང་ཆབ་སྲིད་ཁོ་ན་ཀློག་སྤྱད་ཙམ་ལས་དེའི་སྟེང་ནས་མི་རིགས་འཚོ་གནས་དང་སྤྱི་ཚོགས་ཀྱི་གནད་དོན་ཡོད་ཚད་འདུ་ཐུབ་མེད་པར་སེམས་པ་དེར་ངེས་ཤེས་འདྲོང་ཆེད་དུ་ཡིན།


ལན་སློག


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up