ལྷས་ར་ནར་མོའི་དཀྱིལ་དབུས་སུ་ཉལ་ནས།།
མགོ་བོ་ས་ལ་ཕ་བོང་བཞིན་བཞག་ནས།།
ནམ་མཁའི་སྐར་ཚོགས་ཤོག་དངུལ་ལྟར་བགྲངས་དུས།།
དགུན་གསུམ་གྲང་ངར་རྣ་རྩེ་ནས་འཐམས་བྱུང་།།

གློ་བུར་འདོད་ཆགས་མེ་ལྕེ་བཞིན་འབར་བས།།
ཉལ་སའི་ནང་ནས་སྐད་ཅིག་མར་བརྒྱུགས་དེ།།
ལྷས་འདབས་གཡག་རྒན་སེར་ཐོ་དེ་ཞོན་ནས།།
བྱང་གི་ཕྱོགས་སུ་སྐར་མདའ་བཞིན་ཆས་སོང་།།

ཁོ་མོ་ཚང་གི་སྦྲ་འདབས་སུ་ཐོན་དུས།།
ཁྱི་རྒན་སྔོ་ལོ་སྟག་གཟིག་བཞིན་མཆོངས་ཡོང་།།
མགོ་སྐོར་ཤེད་ཤུགས་ཡོད་དགུ་ཡིས་བསྐོར་ནས།།
གནམ་ལྕགས་ཐོག་བཞིན་སྔོ་ལོ་དེ་བགྲད་སོང་།།

སེར་ཐོ་སྦྲ་ཡི་རྒྱབ་ཕྱོགས་སུ་བཏགས་རྗེས།།
རྐུན་མ་ཅི་བཞིན་རྐང་འཇབ་ཀྱིས་སོང་ནས།།
ཁོ་མོའི་ཉལ་སའི་གཡོན་ཕྱོགས་སུ་ལོག་དུས།།
གཉིད་དུ་ཡུར་ནས་སྔུར་ཐུང་ཞིག་འཐེན་འདུག།

སྐེ་རགས་ཧྲག་ཧྲག་སྔས་མགོ་རུ་གཡུགས་ནས།།
ལྷམ་ཆད་ཤོག་ཤོག་རྐང་འོག་ལ་བཅུག་རྗེས།།
དབུགས་ཀྱི་གཏོང་ལེན་འདར་མ་འདར་བྱེད་ཞོར།།
ལྷོད་ཀྱིས་ཁོ་མོའི་རུམ་ཁ་ནས་འཐེན་བཞག།

འ་ཧོ་ཅི་རེད་ཆོས་སྐྱོང་དང་སྲུང་མ།།
མལ་དུ་ཉལ་མཁན་རྒད་པོ་ཞིག་རེད་འདུག།
སྐྲག་མ་སྔངས་ཀྱིས་སྐོར་ལངས་ཤིག་བྱས་ནས།།
འཕུར་མ་ལྡིང་གིས་སྔོ་ཐོ་དེ་བསྙེགས་སོང་།

རང་ཡུལ་ཕྱོགས་སུ་སྐར་མདའ་བཞིན་བྲོས་དུས།།
སྙིང་ཆུང་ལུ་གུ་བརྩེས་པ་དང་འདྲ་འདུག།
སྐེ་རགས་མི་འདུག་སྔས་མགོ་རུ་ལས་སོང་།།
ལྷམ་ཆད་མི་འདུག་རྐང་འོག་ནས་ལས་སོང་།།

ཧ་ཅང་དགོད་ཁ་ཤོར་བ་ཡི་གཏམ་རྒྱུད།།
ཧ་ཅང་རྒྱུས་ཡོད་གྲོགས་པོ་ཚོའི་མིག་སྔར།།
ཧ་ཧ་ཟེར་བཞིན་ཟླ་མིང་པས་བཤད་པས།།
ཧ་ཧ་གད་མོ་ལྷུག་ལྷུག་དུ་དགོད་ཅིག།།

2014/2/8ཉིན།


ཀློག་མཆན། :

  1. གསར་བརྗེ་བ།

    24/10/2015 at 1:26 pm

    tashi delek.

ལན་སློག


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up