ཡིག་སྒྱུར་བ། ཁང་གསར་བུ་མོ།
2016/12/01ཉིན་སྤེལ། 15356795_1319043131471165_2037945526_n-1 ཁོས་ཧ་ཅང་ཐལ་དྲགས་པའི་འདེམས་ཁ་འདི་བྱས་ནས་རང་ཉིད་ལོ་བཅོ་ལྔ་ལ་སླེབས་པའི་ཚེ་སྲོག་དེ་མཇུག་སྒྲིལ་དགོས་དོན་ཡང་སྙིང་སློབ་བུ་དེ་ལ་གདུག་རྩུབ་ཆེ་བའི་རྒྱུ་མཚན་ཅི་ཞིག་འཕྲད་ཡོད་ཟེར་ན། སློབ་མ་ཐའོ་ཁྲིན་ཕིང་(陶成鹏)༢༠༠༡ ལོ་ཟླ ༥ ནང་སྐྱེས་པ་དང་། ད་ལོ་བགྲང་བྱ་བཅོ་ལྔ་ལ་སླེབས་ནས་མཚོ་སྔོན་ཞིང་ཆེན་སློབ་འབྲིང་ཞིག་གི་སློབ་མ་རེད་འདུག ད་ལོའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཞོགས་པར་ཁོས་རང་ཁྱིམ་དུ་ཞིང་སྨན་དུག་ཆེན་(黑光灯)ཤེལ་དམ་གང་བཏུང་ནས་རང་ཤི་བརྒྱབ་ཡོད་པ་རེད། གནས་ཚུལ་དེ་ནང་མིས་ཤེས་ནས་མགྱོགས་མྱུར་ངང་སློབ་གྲྭའི་ཉེ་འགྲམ་གྱི་མི་དམངས་སྨན་ཁང་ཞིག་ལ་བསྐྱལ་འདུག་ཀྱང་། མྱུར་སྐྱོབ་མ་ཐུབ་པར་ལོ་ཆུང་བྱིས་པ་དེའི་ཚེ་སྲོག་དེ་ལྟར་རྫོགས། གནས་ཚུལ་དེ་ཐོན་རྗེས་སློབ་གྲྭ་དང་གྲོང་ཁྱིམ་ནང་སྐད་ཆ་འདྲ་མིན་ཁྱབ་ནས་ལ་ལས་བུ་དེ་ལ་སློབ་གྲོགས་ཀྱིས་བརྙས་བཅོས་ཚད་མེད་བྱས་ནས་མ་བཟོད་པར་རང་ཤི་བརྒྱབ་པ་རེད་ཅེས་བཤད་ཀྱི་ཡོད་པ་དང་། ཡང་ལ་ལས་སློབ་བུ་དེས་མི་གཞན་ལ་བུ་ལོན་ཆད་ཡོད་སྟབས་ཕ་མས་དངུལ་མ་སྤྲད་པས་ཁོ་རང་གིས་རྐུ་བྱས་པ་དང་། གང་སར་དངུལ་བུན་གཡར་ནས་ཐ་མ་བཟོད་མ་ཐུབ་པར་རང་ཤི་བརྒྱབ་འདུག་ཅེས་བཤད་ཀྱི་འདུག སློབ་བུ་ཐའོ་ཁྲིན་ཕིང་(陶成鹏)རང་ཤི་བརྒྱག་དགོས་པའི་རྒྱུ་རྐྱེན་དངོས་གང་ཡིན་སུས་ཀྱང་གསལ་པོ་བཤད་མ་ཤེས་པའི་སྐབས་ཀྱི་ཉིན་གསུམ་པར་ཕ་མས་བུའི་ཅ་དངོས་དག་བསྡུ་གསོག་བྱེད་དུས་སློབ་མའི་ལག་ཁྱེར་ཞིག་གི་ནང་ནས་ཁོ་པས་བཞག་པའི་ཁ་ཆེམས་ཡི་གེ་དེ་རྙེད་ནས་གནས་ཚུལ་གསལ་པོ་ཤེས་རྟོགས་བྱུང་འདུག
གུས་ཤིང་བརྩེ་བའི་དགེན་ལགས། དགའ་གུས་ཡོད་པའི་ཕ་མ། སྙིང་ནས་བརྩེ་བའི་གཅུང་པོ། ཁྱེད་ཀྱི་སློབ་མ། ཁྱེད་ཚོའི་བུ་ཕྲུག གཅེན་པོས་ཁྱེད་རྣམས་ལ་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན། ངས་ནི་སློབ་མ་འགའི་བརྙས་བཅོས་ལ་བཟོད་ཐབས་མེད་པར་ཁྱེད་ཚོ་དང་ཁ་བྲལ་ནས་མི་འགྲོ་ཀ་མེད་བྱུང་སོང་། ཕ་མ་གཉིས་ལ་ཞུ་རྒྱུར་ངས་ཁྱེད་རྣམས་གཉིས་ལ་དགོངས་པ་མ་ཚོམ་ཞུ་རྒྱུ་ཡིན། ངས་ཆེད་དུ་ཟླ་མཆོད་དུས་ཆེན་སྐབས་སུ་སེམས་སྐྱོ་དགོས་མ་རེད་ལ། ངའི་རེ་བར་ཕ་མ་གཉིས་ཀྱི་བྱ་གཞག་ལེགས་འགྲུབ་དང་གཅེན་པོ་དང་གཅུང་པོ་གཉིས་ཀྱིས་ངའི་ཚབ་བྱས་ནས་ཕ་མ་གཉིས་ལ་ཞབས་ཏོག་ཡག་པོ་ཞུ་རོགས་ཞེས་དང་། ཁ་ཆེམས་དེའི་ནང་ཐའོ་ཁྲིན་ཕིང་(陶成鹏)གི་སློབ་གྲོགས་བཞི་ཡི་མིང་བཏོན་ཡོད་པ་དང་། ཁ་ཆེམས་གསུམ་པའི་ནང་བསྡོམས་སློབ་བུ་དྲུག་གིས་ཁོ་ལ་གཅར་རྡུང་ལོ་གཅིག་ཙམ་བྱས་ཡོད་པ་བྲིས་ཡོད་ལ། སློབ་གྲོགས་གཞན་གྱིས་ཀྱང་ཐའོ་ཁྲིན་ཕིང་གིས་མིང་བཏོན་བྱས་པའི་སློབ་བུ་དེ་ཚོས་ཁོ་པར་བརྙས་བཅོས་ཚད་མེད་བྱས་པ་ཡང་དངོས་སུ་མཐོང་མྱོང་ཡོད་པར་བཤད། ཁོ་པ་ནི་ཁོང་ཚོ་དྲུག་གི་བྲན་གཡོག་བཞིན་ཉིན་ལྟར་ཁ་ལག་ལེན་དགོས་པར་མ་ཟད། ཕོར་པ་དང་གྱོན་པ་འཁྲུད་རོགས་བྱེད་དགོས་ལ། ཐ་ན་རྐང་པ་དང་ངོ་གདོང་ཡང་འཁྲུད་རོགས་བྱེད་དགོས་ཀྱི་ཡོད་པ་རེད། ད་དུང་ཉལ་ཁང་གི་གཙང་སྦྲ་སུ་ལ་འཁེལ་རུང་ཚང་མ་ཐོའོ་ཁྲེང་ཕང་མི་གཅིག་གིས་ལས་དགོས་ཀྱི་ཡོད་འདུག ཁོང་ཚོས་ཐའོ་ཁྲིན་ཕིང་ལ་བཟོས་པའི་ཁྲིམས་ནི་ཁོ་པ་རང་ཉིད་ཀྱི་ངོ་དང་རྐང་པ་འཁྲུད་དུས་ཆུ་འཁྱགས་མ་གཏོགས་བེད་སྤྱད་མི་ཆོག་པ་དང་། སློབ་བུ་དྲུག་པོ་ག་དུས་སེམས་ཁམས་མི་སྐྱིད་པ་དང་ཁོང་ཁྲོ་བྱུང་དུས་རྟག་པར་ཁོ་གཅར་རྡུང་བྱེད་ཀྱི་ཡོད་ལ། མཚན་མོ་ཁོང་ཚོ་གཉིད་མི་ཁུག་པའི་སྐབས་ཀྱང་ཁོ་ཉལ་དུ་མ་བཅུག་པར་ཡར་བསླངས་ནས་ཁོང་ཚོར་གཞས་དང་ཞབས་བྲོ་འཁྲབ་དགོས་པ་སོགས་བཟོད་ཐབས་མེད་པའི་བརྙས་བཅོས་ཚད་ལས་བརྒལ་བ་མང་པོ་བྱས་འདུག དེ་བས་ཡ་ང་བ་ཞིག་ལ་ཐོའོ་ཁྲེང་ཕང་ལ་བརྙས་བཅོས་བྱེད་མཁན་སློབ་ཕྲུག་དེ་ཚོས་དངུལ་བཙན་འཕྲོག་བྱེད་སྟབས་ཁོ་པ་ཐབས་ཟད་འུ་ཐུག་ནས་སློབ་གྲོགས་གཞན་སར་ནས་དངུལ་གཡར་བ་དང་སྐྱེད་ཀ་སྤྲོད་རྒྱུ་ཁས་བླངས་ནས་དེ་ལྟར་གཅིག་ནས་གཡར་གཅིག་ལ་སྤྲད་པས་དངུལ་བུན་ཡང་སྒོར་ཉིས་བརྒྱ་ཙམ་གསོག་འདུག་ལ། དངུལ་བུན་དེ་ཚོ་འཇལ་ཆེད་ཕ་མ་དང་སྤུན་དག་ལ་རེ་བ་བཅོལ་ཡང་སུས་ཀྱང་གཡར་རོགས་བྱས་མི་འདུག རྗེས་ལ་སློབ་གྲོགས་གཞན་གྱིས་རོགས་རམ་འོག་ཐའོ་ཁྲིན་ཕིང་ཉལ་ཁང་དེ་ནས་སྤོ་ཐུབ་ཙམ་བྱུང་འདུག་ཀྱང་བརྙས་བཅོས་སྔར་ལྟར་འཁུར་དགོས་པས་སློབ་གྲོགས་གཞན་གྱིས་ཀྱང་ཁོ་ལ་མཐོང་ཆུང་དང་བརྙས་སྨོད་བྱེད་ཀྱི་ཡོད་བཟོ་འདུག དེ་རིགས་ཁོ་པའི་ཁ་ཆེམས་གསུམ་པའི་ནང་བཀོད་ཡོད་ལ། སློབ་གྲོགས་གཞན་ལ་བཅར་འདྲི་བྱས་པས་དོན་དངོས་ཡིན་པ་ར་འཕྲོད་བྱུང་འདུག གནས་ཚུལ་དེའི་རིགས་ཀྱིས་རྐྱེན་བྱས་པས་ཐའོ་ཁྲིན་ཕིང་འུ་ཐུག་ནས་སློབ་གྲྭ་ནས་ཐེངས་མང་བྲོས་བྱོལ་བྱས་འདུག་ལ། ནང་མི་སྤུན་མཆེད་སོགས་ལ་ཡང་སློབ་བུ་དྲུག་པོ་དེ་ཚོས་བརྙས་བཅོས་བྱེད་ལུགས་ཀྱང་བཤད་ནས་ཕ་མ་དང་མཉམ་དུ་འཛིན་བདག་ལ་སྙན་ཞུ་བྱས་རུང་། འཛིན་བདག་གིས་ཐོའོ་ཁྲེང་ཕང་དང་ཁོ་པའི་ཕ་མའི་རེ་ཞུ་ལ་མ་ཉན་པར་མ་ཟད། ག་དུས་ཡིན་རུང་ཁོས་སློབ་སྦྱོང་དང་ཀུན་སྤྱོད་སོགས་ཡག་པོ་མེད་པར་ཤ་སྟག་བཤད་ནས་དོན་དངོས་ལ་ཐག་གཅོད་རྩ་བ་ནས་མ་བྱས་པར་མ་ཟད། ཁྱིམ་བདག་གི་མདུན་དུ་ཐོའོ་ཁྲེང་ཕང་ལ་བརྙས་བཅོས་ཀྱི་སྨད་ར་མང་དག་བྱས་ནས་ཐ་ན་གཟའ་འཁོར་གཅིག་གི་རིང་ནང་ལ་ཉར་ནས་བསམ་བློ་བཅོས་བསྒྱུར་བྱ་དགོས་པའི་བཀའ་ཡང་ཕབ་འདུག ཕ་མས་ཀྱང་སློབ་བུ་དེ་ཚོས་སྔར་ལས་ལྷག་པའི་བརྙས་བཅོས་བྱེད་དོགས་ཀྱིས་གཅར་རྡུང་བྱེད་མཁན་གྱི་སློོབ་བུ་དེ་དག་གི་མིང་ཡང་འཛིན་བདག་ལ་ཁ་གསལ་ཞུ་ནུས་མི་འདུག ཐའོ་ཁྲིན་ཕིང་རང་ཉིད་ཀྱིས་བརྙས་བཅོས་དེ་རིགས་མི་ཡོང་བའི་ཆེད་ཕ་མ་དང་དགེ་རྒན། སློབ་གྲོགས་དང་སྤུན་མཆེད་སོགས་ལ་རེ་བ་ཆེན་པོ་བཅོལ་ཡོད་རུང་སུ་གཅིག་གིས་གནས་ཚུལ་འདིར་ཐག་གཅོད་དང་དོ་སྣང་ཆེན་པོ་བྱས་མི་འདུག་པས། ལོ་བཅོ་ལྔ་ལ་སླེབས་པའི་ཕྲུ་གུ་ཞིག་གི་སེམས་ནང་ཤོང་ཐབས་བྲལ་བའི་སྡུག་བསྔལ་ཞིག་གིས་ལམ་དེ་འདྲ་ཞིག་ལ་མི་འགྲོ་ཀ་མེད་བྱུང་འདུག ང་ཚོས་བུ་ཕྲུག་ལ་ཡོན་ཏན་སྦྱོང་དུ་འཇུག་རྒྱུ་གལ་ཆེན་ཞིག་ཡིན་མོད། ཡིན་ཡང་བུ་ཕྲུག་གི་གཟུགས་ཁམས་དང་སེམས་ཁམས་ཀྱི་བདེ་ཐང་ལ་དེ་བས་ཀྱང་དོ་སྣང་བྱེད་རྒྱུ་གལ་ཆེན་ཞིག་རེད། གལ་ཏེ་འཛིན་བདག་དེས་སློབ་མ་ཐོའོ་ཁྲེང་ཕང་གི་སློབ་སྦྱོང་དང་ཀུན་སྤྱོད་རྒྱུན་ལྡན་མིན་པའི་རྒྱུ་མཚན་ལ་བསམ་བློ་ཅུང་ཙམ་བཏང་ཡོད་ཚེ། གལ་ཏེ་ཕ་མས་ནུས་མེད་དེ་འདྲ་ཞིག་བྱས་མེད་ཚེ་ཐའོ་ཁྲིན་ཕིང་ལ་དེ་རིང་གི་གནས་ཚུལ་འདི་ལྟ་བུ་ཞིག་ཡོང་རྐྱེན་མེད་པས། ང་ཚོས་རྣམ་པ་ཀུན་ཏུ་བུ་ཕྲུག་དང་མཉམ་དུ་སྙིང་ཉེ་བའི་གྲོགས་པོ་ལྟར་བགྲོ་གླེང་བྱེད་རྒྱུ་དང་བུ་ཕྲུག་གི་ལྷན་སྐྱེས་ཀྱི་ནུས་པར་དུས་ནམ་ཡང་ཕོག་ཐུག་གཏང་མི་ཉན་པ་དེ་ནི་ཧ་ཅང་གལ་འགང་ཆེན་པོ་ཞིག་ཡིན་ངེས་སོ།།


ལན་སློག


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up