image སྲི་ཐར་ཚེ་རིང་། (བོང་སྟག)
“འུ་ཐུག་པའི་བོད་མི”ཞེས་པའི་རྩོམ་བྱང་འདི་བརྗེད་ཐོར་བཏབ་ནས་ཉིན་འགའ་འདས་སོང་། སྤྱིར་ན་རྩོམ་ཡིག་འདིས་སྤྱི་ཁོག་ཙམ་ཞིག་སྔོན་ནས་བློས་བསླངས་ཡོད་མོད། རང་ཉིད་ལེ་ལོའི་དབང་དུ་ཤོར་དྲགས་པས་ད་བར་དུ་ལུས་སོང་། རྩོམ་ཡིག་འདིས་ཁ་བྱང་ནི་ཕལ་བའི་ནང་གི་ཕལ་བ་ཞིག་ཡིན་པར་མ་ཟད། ནང་དོན་ཡང་ཕལ་བ་ཞིག་ཡིན། དེ་བས་འདི་ལ་འགུགས་ཤུགས་སོགས་ཅི་ཡང་ཡོད་མི་སྲིད། ཡིན་ནའང་། རྩོམ་ཡིག་འདི་ནི་ཟླ་འགའི་དུས་ཚོད་ནང་གི་ཁོ་བོའི་མྱོང་བ་དངོས་ཡིན་ནོ།།
༡ ནདག་གི་མཐོ་འབྲིང་གི་ལོ་ཟླ།
ཐོག་མར། ངས་མཐོ་འབྲིང་སྐབས་ཀྱི་རང་ཉིད་ཀྱི་སློབ་གྲྭའི་འཚོ་བའི་ཟུར་ཅིག་གླེང་ན་འདོད། དེ་འང་རྩོམ་ཡིག་འདི་དང་འབྲེལ་ཆེ་བས་ཡིན། སྐབས་དེར་རང་ཉིད་རྒྱ་ནག་གི་གྲོང་ཁྱེར་ཅུང་ཆེ་ས(ཀྲེ་ཅང་གི་གྲོང་ཁྱེར)ཞིག་ཏུ་སླེབས་ཐེངས་དང་པོ་ཡིན་པར་མ་ཟད། རྒྱ་ཡིག་རྒྱ་སྐད་ཀྱང་ཧ་ཅང་ཞན།(མཐོ་འབྲིང་མཐར་ཕྱིན་རྗེས་ད་གཟོད་རྩོམ་ཐུང་རེ་བསྒྱུར་ཤེས་པ་ཙམ་ཡིན།) དེ་བས་སྔོན་ཆད་གནང་བཞིན་སློབ་སྦྱོང་བཟང་བོ་ཞིག་བྱེད་མ་འདོད། མ་ཟད་དུས་ཚོད་ཡོད་དོ་ཅོག་དཔེ་ཀློག་འབའ་ཞིག་གི་སྟེང་ལ་བཀོལ་བ་ཡིན། དབྱར་དགུན་གནང་གི་སྐབས་སུ་ཡང་ཟི་ལིང་ནས་བོད་ཡིག་གི་དཔེ་ཆ་ཉོས་ཏེ་སྦྲགས་སྲིད་བརྒྱུད་ནས་བསྐུར་བ་དང་། གཞན་དྲྭ་བ་བརྒྱུད་ནས་ཧྲང་ཧེ་དང་ཞང་ཀང་སོགས་ནས་དཔེ་ཆ་དཀོན་པོ་རེའང་ཉོས། ས་དེ་གའི་དགེ་སློབ་དག་ཀྱང་སྔར་བཞིན་”རྒྱུགས་ཀྱི་བྲན་གཡོག”འབའ་ཞིག་ཏུ་གྱུར་ཡོད་པ་མཐོང་བས་ཡི་ཆད་བྱུང་ལ། རང་ཉིད་ཀྱང་བསླབ་གཞི་ཁག་ལ་ཡུན་གྱིས་སྤྲོ་བ་མེད་པར་གྱུར།
སྐབས་དེར་ང་རང་བོད་དྲྭ་ཁག་ལའང་འཇུག་བཞིན་ཡོད། ང་ནི་ཅིན་ཧྭ་གྲོང་ཁྱེར་ནས་བོད་ཡིག་གི་དྲྭ་བར་ཞུགས་མཁན་ཐོག་མ་དེ་ཡིན་ཀྱང་སྲིད།
སྐབས་དེ་དུས་བོད་ཀྱི་ཤེས་ཡོན་པའི་སྡེ་རུ་བསམ་བློ་གཙུབ་བརྡར་གྱི་མེ་སྟག་འཚུབ་ཀྱིན་པས། དེ་ཡིས་རང་ལ་བློ་སྐྱེད་དང་ཤན་ཤུགས་ཀྱང་མི་ཉུང་བ་ཞིག་ཐེབས་ཤིང་།(“བདག”དང”བླ”དཔེ་ཚོགས་སོགས་ཀྱིས་མཚོན་པའི་འབོལ་རྩོམ་དག་ཀློག་པར་དགའ་བོ་ཡོད།) དེར་འབོལ་རྩོམ་དང་ཐོལ་རྩོམ་རེ་བྲིས་ཏེ་ཉིན་ཐོའི་ཚུལ་དུ་བསོགས་པར་དེབ་རེ་གཉིས་ལོངས་པ་ཞིག་འདུག གཟའ་མཇུག་ཏུའང་དྲ་ཁང་སོགས་ལ་འགྲོ་བ་ཕུད། ཉིན་མཚན་གོ་ལྡོག་ནས་རྩོམ་ཡིག་འབྲི་བའམ་དཔེ་ཆ་བཀླགས་པ་ཡིན། རྗེས་སུ་སློབ་ཁྲིད་མང་བོ་ཞིག་ལ་ཆད་མྱོང་བར་མ་ཟད་འཛིན་བདག་གིས་ཀྱང་སྐྱོན་བརྗོད་གང་མང་བྱས་སོང་། ཡིན་ནའང་། རང་ཉིད་ཀྱིས་ལམ་ཁ་གཅིག་རང་སྙེག་ནས་ཡོང་བ་ཡིན། གོ་རིམ་དེའི་ཁྲོད་དུ་རང་ལ་གྲོགས་མེད་ཁེར་རྐྱང་གི་སྣང་བ་ཞིག་སྐྱེས་པར་མ་ཟད། ལན་རེར་ཉིན་དཀར་མལ་ཁང་ནས་གཉིད་པའམ། ཡང་ན་སློབ་ཁང་དུ་ཧད་ནས་སྡོད་དགོས་པ་ཞིག་ཆགས་སོང་། དེ་ལྟར་རིམ་གྱིས་ནང་སེམས་སྟོང་བ་ཡིན་པའི་སྣང་བ་ཞིག་བྱུང་བས། རྩོམ་འབྲིའི་ཁ་ཕྱོགས་ཅུང་བསྒྱུར་བ་ཡིན།
རྗེས་ནས་”མི་རབས་གསུམ་པའི”ཚོགས་མི་རེ་འགའི་སྙན་ངག་དང་། སྐྱབས་ཆེན་བདེ་གྲོལ་ལགས་ཀྱི་སྒྲུང་ཐུང་དེབ<<གླུ་སྐད་སྐྱ་བོ།>> ལྷ་བྱམས་རྒྱལ་ལགས་ཀྱི་སྒྲུང་ཐུང་དེབ<<ལམ་གྱི་ཉི་འོད>>སོགས་བཀླགས་པས། བོད་ཀྱི་རྩོམ་སྟེགས་སུ་སྔ་ན་མེད་པའི་སྐྱ་རེངས་ཤིག་གསལ་གྱིན་པ་མཐོང་ལ། རང་ཉིད་ཀྱང་རྩོམ་རིག་ལ་འཇུག་པའི་སེམས་ཐག་བཅད།(བདག་དམའ་འབྲིང་སྐབས་ནས་བཟུང་རྩོམ་ཡིག་འབྲི་བར་སྤྲོ། འོན་ཏེ་དེ་ནི་བྱ་དགའ་རེ་གཉིས་ཀྱི་སྐུལ་ལྕག་ཐེབས་པ་ཙམ་ལས་ཅང་མིན) དེ་ནས་རིམ་གྱིས་འཁྲབ་གཞུང་དང་གཞས་ཚིག་སོགས་ཀྱང་འབྲི་སྦྱོང་བྱས། དེ་ལྟར་རིམ་གྱིས་རྩོམ་ལུས་ཁྱད་མེད་ལ་སྦྱངས་ཁུལ་བྱས་ཤིང་། དེ་འབྲེལ་གྱི་དེབ་གྲངས་ཀྱང་བཅུ་ལ་ཉེ་བ་ཞིག་གྲུབ་ལ་ཉེ། སློབ་འབྲིང་སློབ་མ་ཞིག་གི་ངོས་ནས་དེ་ནི་གླེང་རི་བ་དང་ངོམ་ཆོག་ཆོག་གི་གྲུབ་འབྲས་ཤིག་ཏུ་མཐོང་སྟེ། ཁོ་བོའི་ཐོས་རྒྱ་དོག་པས་མིན་ན། བོད་ཀྱི་སློབ་འབྲིང་སློབ་མའི་སྒྲུང་རིང་ཐོག་མའང་རང་ཉིད་ཀྱིས་བྲིས་པ་དེ❶ཡིན་པར་སྙམ་ཡོད།❷
༢ ཕུགས་བསམ་དང་དངོས་ཡོད་ཀྱི་བར་ཐག
ཕུགས་བསམ་ནི་དེ་ལྟར་འཆར་ཡན་དང་ལྡན་པ་ཞིག་ཡིན་ཀྱང་། དངོས་ཡོད་ནི་དེ་ལས་ལྡོག་པའོ།།
ན་ནིང་མཐོ་རྒྱུགས་ཀྱི་སྐར་གྲངས་རང་བློར་འཚམ་པ་ཞིག་མ་ལོན་པས། སློབ་གྲྭ་གང་ཡིན་ཞིག་ལ་འགྲོ་འདོད་མ་བྱུང་ལ། རྩོམ་རེ་བྲིས་ཤིང་དེབ་རེ་འཕུད་པའམ། ཡང་ན་ཚོང་ཙག་ཙིག་ཅིག་ནས་མགོ་རྩོམ་པའི་འཆར་གཞི་འཐེན་མྱོང་བ་ཡང་སྐབས་སུ་སྐྱུར་དགོས་བྱུང་།
ཁྱིམ་ཚང་གི་ཆ་རྐྱེན་སོགས་ཀྱི་དབང་གིས་དེབ་འགའ་པར་དུ་བསྐྲུན་རྒྱུ་ནི་གློ་བུར་དུ་འགྲུབ་ཐུབ་པ་ཞིག་མ་རེད། ཐ་ན་ཁང་བ་ཞིག་ཉོས་ནས་རྫོང་ཐོག་ཏུ་གནས་འཆའ་རྒྱུ་དཀའ་བའི་ཚོད་དུ་འདུག དེར་བརྟེན། ཟླ་ངོ་འདི་གར་བརྡ་རྟགས་ཙམ་ཡང་མེད་པའི་ཕ་ཡུལ་གྱི་ལུང་གོག་ཅིག་ཏུ་ཟོག་འཚོས་ནས་བསྡད་པ་ཡིན། སྐབས་དེར་ད་གཟོད་སྔོན་ཆད་ཡོད་མ་མྱོང་བའི་བསམ་ཚུལ་ཞིག་བྱུང་བ་ནི་ད་ནས་བཟུང་སྟེ”རྩོམ་ཡིག་འབྲི་མཚམས་འཇོག་རྒྱུ”དེའོ།། དོན་དངོས་སུའང་ང་ལྟ་བུ་གཅིག་གིས་ཇེ་ཉུང་དུ་ཕྱིན་ན་ཕ་ཡུལ་ལ་མཚོན་ན་གྱོང་ཅི་ཡང་མེད་ཀྱང་སྲིད། དངོས་ཡོད་གནས་ཚུལ་དང་བསྟུན་ན་བྱ་བ་ལ་ལ་ཞིག་མཚམས་འཇོག་དགོས་པར་ཐུག་འགྲོ། དཔེར་ན། ངའི་སྔོན་གྱི་གྲོགས་པོ་རེ་འགས་ཀྱང་རྩོམ་འབྲིའི་ལས་ལ་འཇུག་མཚམས་བཞག་བྱུང་བ་ལྟ་བུའོ།།། དེའང་ཕྱི་ངོས་ནས་བལྟས་ན་གང་དེས་ང་ཚོའི་བསམ་འདོད་སྐོང་མི་ཐུབ་པ་དང་འདྲ། དེང་སྐབས་ཡོད་ཚད་རྒྱུ་དང་ངོ་ཡིས་ཐག་གཅོད་ཀྱིན་འདུག་པས། སྙུག་ཐོགས་པའི་གཟུགས་ཙམ་འཛིན་པ་ནི་ས་ཁའི་རྩི་ཏོག་གི་གྲངས་རེད། ཡིན་ནའང་། གང་ཞིག་ནས་ཡོང་བ་མི་ཤེས་པའི་ཚོར་བ་ཞིག་གིས་དྲག་ཏུ་གཙེས་པས། སྔར་བཞིན་ཡིག་རྡོག་རེ་ཤོག་ངོར་ཕབས་པ་དེ་སྐྱུར་མ་ཕོད།(ལོ་བཞི་ལྔའི་བརྒྱུད་རིམ་ཙམ་ཡོད་པས། ད་ནི་རྩོམ་འབྲིའི་ལས་ཀར་རབ་ཏུ་ཆགས་པ་འདྲ།)
མཚམས་འདི་ནས་ཁོ་བོས་དཔེ་དེབ་པར་དུ་འདེབས་མི་ཐུབ་པ་དང་། རྫོང་ནས་ཁང་བ་བླུ་མི་ཐུབ་པ་སོགས་ཀྱི་རྒྱུ་རྐྱེན་འགའ་གླེང་བར་བྱེད། འདི་ནི་ཁོ་བོ་སྐབས་སུ་འུ་ཐུག་པའི་འགག་རྩ་ཡིན་ལ། ཁོ་བོ་དང་ཁོ་བོ་ལྟ་བུའི་བོད་མི་ཁག་ཅིག་འུ་ཐུག་པའི་འགག་རྩ་ཡང་ལོས་ཡིན་འདོད།
ཁོ་བོ་ལྟ་བུའི་མིང་གྲགས་མེད་པ་ཞིག་གིས་དཔེ་དེབ་ཅིག་པར་དུ་བསྐྲུན་ན། ཐོག་མར་དཔེ་སྐྲུན་ཁང་ལ་འབྲེལ་བ་བཟང་དགོས་ཤིང་། དེ་ནས་སྒོར་མོའང་འདང་ངེས་ཤིག་དགོས། ད་དུང་བོད་ཡིག་གི་དཔེ་ཆ་ཡིན་ན་ནང་དོན་ལ་བསྒྱུར་བཅོས་འདྲ་མིན་སྣ་ཚོགས་བྱེད་དགོས་པས། གང་དེ་སེམས་ནས་བཟོད་དཀའ་བ་ཞིག་རེད། རྩོམ་ཡིག་ཅིག་ལས་ཡིག་འབྲུ་གཅིག་བཅའ་བ་ལས། ལུས་སྟེང་ལ་གྲི་གཙགས་ཤིག་བྱས་ན་དེ་བཟོད་ཐུབ་པ་འདྲ། གང་ལྟར་ཁོ་བོ་དང་ཁོ་བོ་ལྟ་བུ་དག་ལ་རྒྱབ་རྩ་ནི་མེད་ལ། མི་འབྲེལ་ཡང་མི་བཟང་བའི་མི་དག་དོན་དག་འདི་ལྟ་བུའི་སྔུན་ནས་འུ་ཐུག་འགྲོ།
ཁང་བ་བླུ་ཚེ་སྒོར་མོ་འདང་ངེས་ཤིག་གི་ཕན་ཆོད་ནས་ཁྱིམ་ཐོའང་ཞང་བའི་ཁྱིམ་ཐོ(农户)ཡིན་དགོས། དེའང་ང་ཚོའི་སྡེ་བའི་ཁྱིམ་ཐོ་ཆ་ཚང་ཕ་ཡུལ་གྱི་དཔོན་མིང་འཛིན་པ(བདེན་དཔང་ཆ་ཚང་རྗེས་མི་དེའི་པར་དང་མིང་བཅས་པ་དྲྭ་ལམ་དུ་བསྒྲགས་རྩིས་ཡིན།)ཞིག་གིས་གྲོང་ཁྱེར་གྱི་ཁྱིམ་ཐོར་བརྗེ་བར་ཁ་གཡར་ཏེ། གོ་ཅི་ཡང་མི་ཆོད་པའི་ཤོག་ལྷེ་སྤགས་མ་ཞིག་ཏུ་བཏང་ཚར་འདུག འདི་ཡིས་ཕྱི་ཡོང་རྒྱ་མི་དག་ལ་སྟབས་བདེ་བསྐྲུན་ཏེ། རང་སྡེའི་མགོ་ལ་ཆུ་བླུགས་ཡོད། འདི་ནི་ཁོ་བོ་ཀྲེ་ཅང་ནས་ཕྱིར་ཐོན་རྗེས་ད་གཟོད་ཤེས་པ་ཡིན། འོན་ཏེ་ད་སྐབས་ཕྱིར་བརྗེ་མི་ཐུབ་པར་མ་ཟད། ཁང་བའང་སྤུས་ཀ་ཞན་པའི་རིགས་མ་གཏོགས་ཉོ་མི་ཐུབ་ལ། ད་དུང་ཁྱིམ་ཚང་གཉིས་ཁ་ཁ་རུ་དགར་མི་ཐུབ་ཅིང་། དངུལ་ཁང་ནས་སྒོར་མོའང་སྐྱི་མི་ཐུབ།(སྔོན་ཆད་འབྲོག་པ་ཚོས་གཞུང་དངུལ་བསྐྱིས་དྲགས་པས་ཕལ་ཆེ་བས་སྐྱིན་པ་འཕྲོད་མེད་ཅིང་། ངའི་ཕ་ཡུལ་དུ་དོན་དེར་ཁ་གཡར་ཏེ། ད་ལོ་ནས་བཟུང་སྟེ་གཞུང་དངུལ་བསྐྱི་བ་གཏན་འགོག་བྱས་འདུག)
ཁོ་བོའི་ཁྱིམ་དུའང་ཕ་གཡར་དུས་རྒྱུན་དོན་སྣ་ཚོགས་ཀྱི་དབང་གིས་ཕྱི་ལ་འགྲོ་དགོས་ཤིང་། ནུ་བོ་སློབ་གྲྭར་འགྲོ་དགོས། ཨ་མ་གཅིག་པུ་ལུང་གོག་ཅིག་ཏུ་སྐྱུར་བ་ནི་སེམས་ནས་བཟོད་མི་ཐུབ་པ་ཞིག་རེད་པས། སྐབས་རེར་མ་ལོར་འདུག་རོགས་བྱས་པ་ཡིན། དེ་བས་ཞོར་ལས་ལ་འགྲོ་བའི་ཁོམ་པའང་མེད་ལ། ཞོར་ལས་ལག་ཏུ་མི་ཡོང་བའི་དཀའ་ངལ་ཡང་འདུག
དེའང་སྔོན་ཆད་ཡིན་ན་རང་ཉིད་ཀྱིས་ཁྱིམ་དོན་སོགས་ལ་ཁ་ཡ་དེ་ཙམ་བྱ་མ་བྱས་ཤིང་། ཁྱིམ་མི་དག་ནས་ཀྱང་དོ་སྣང་མ་བྱས་པས། འགྲོ་ལུགས་ཁག་ཅིག་སྒྲུབ་པ་འཕྱི་དྲགས་པ་སོགས་མདོར་ན་དཀའ་ཁག་དུ་མས་ཀུན་ནས་གཙེས་བྱུང་།
༣ གཞི་རིམ་གྱི་བོད་མི་དག་གི་སྐྱིད་སྡུག
གོང་གི་དེ་ནི་ཁོ་བོ་འུ་ཐུག་པའི་དཔེ་མཚོན་ཙམ་ཡིན་ལ། ཁོ་བོ་ལྟ་བུའི་གཞི་རིམ་གྱི་མི་དག་འུ་ཐུག་པའི་དཔེ་མཚོན་ཞིག་ཀྱང་ཡིན། ངས་འདི་ལྟར་སྤྱི་བསྒྲགས་བྱེད་དོན་ནི་སུ་ཞིག་གིས་སྙིང་རྗེ་སྒོམ་པར་རེ་བ་མིན་ལ། གང་ཞིག་ནས་རོགས་སྐྱོར་གནང་བར་རེ་བ་ཞུ་བའང་མིན། དམིགས་ཡུལ་ནི་གཅིག་མ་གཏོགས་མེད་དེ། ད་ལྟ་ཡུལ་མི་དག་འུ་ཐུག་ཐབས་ཟད་དུ་གྱུར་ནས་འཚོ་བའང་རོལ་དཀའ་བར་འདུག འདི་ལྟར་སོང་ན་ལོ་རྒྱུས་སྟེང་དུ་བྱུང་མ་མྱོང་བའི་དོན་དག་ཅིག་སྟེ། “འབྲོག་པ་ལྟོགས་ཤི་འབྱུང་བའི”སྲིད་པའང་འདུག་ཟེར་བ་ཡིན། འདི་ཀུ་རེ་ཞིག་གཏན་ནས་མིན། དེང་རབས་ཅན་དང་གྲོང་ཁྱེར་ཅན། ཚོང་ལས་དཔལ་འབྱོར་ཅན། ཆ་འཕྲིན་ཅན་སོགས”ཅན”མང་བོའི་མདུན་ནས་བོད་མི་དག་འུ་ཐུག་གིན་འདུག་ཅེས་བཤད་འདོད་པ་ཡིན།
སྤྱིར་ན་འདི་ནི་མི་མང་བོས་ཤེས་པའི་དོན་དག་ཅིག་ཡིན་ནའང་ཐང་མོད། ཕ་ཡུལ་གྱི་སྙུག་འཛིན་པའི་མིང་འཛིན་པ་ཚོའི་ངག་ནས་ཐོས་ཐུབ་པའི་རེ་བ་མེད་པས་འདི་ལྟར་བྲིས་པ་ཡིན། གཤམ་དུ་བྱེ་བྲག་གི་དོན་འགའ་ཞར་བྱུང་གི་ཚུལ་དུ་འགོད་པར་བྱའོ།།
A སྒོར་མོའི་དཀའ་ངལ།
སྒོར་མོའི་དཀའ་ངལ་ནི་མིག་སྔར་ངའི་ཕ་ཡུལ་གྱི་འབྲོག་པ་དག་གི་དཀའ་ངལ་ཆེ་ཤོས་ཤིག་རེད།གཅིག་ནས་ཟོག་གོང་ལྡིབ་པ་དང་། གཉིས་ནས་འབྲོག་པ་ཚོས་དངུལ་ཁང་ནས་སྒོར་མོ་བསྐྱིས་ཏེ་སྐྱིན་པ་མ་འཕྲོད་པར་ཁ་གཡར་ནས་སྒོར་མོ་མི་སྐྱི་བ། ཐ་ན་མི་ལ་ན་ཚ་བྱུང་ནས་ཤི་ལ་ཉེ་ཡང་སྒོར་མོ་མི་སྐྱི་བ།(སྔོན་ཆད་མི་སྲོག་ལ་ཐུག་པས་དོན་རེ་བྱུང་ན་སྒོར་མོ་སྐྱི་བ་རེད།) ཕྱི་ཡོང་གི་མི་མང་བ་སོགས་ཀྱི་དབང་གིས་ཞོར་ལས་རེག་དཀའ་ཞིང་། འབྲོག་པོ་ཚོ་ཞོར་ལས་ལ་འགྲོ་བར་དེ་འདྲ་མི་དགའ་བའང་དོན་དངོས་ཡིན།
སྒོར་མོའི་དཀའ་ངལ་ཡོད་དུས་རྩྭ་ས(ས་རྡོ་དང་སྨན་རྩྭ་འཚོང་བའང་འདུ་མོད། གཙོ་བོ་རྩྭ་ར་ཡིན།)དང་ཁང་བ་གཉིས་བཙོང་བ་ནི་ཡུལ་མི་དག་གི་མིག་སྔའི་སྒོར་མོ་འཚོལ་ཐབས་མྱུར་ཤོས་དང་ལེགས་ཤོས་གཅིག་པུ་རེད།
B སྐད་བརྡའི་དཀའ་ངལ།
སྐད་བརྡའི་དཀའ་ངལ་ཡང་གཞི་རིམ་བོད་མི་ཚོའི་དཀའ་ངལ་ཆེ་ཤོས་ཡིན། སྤྱིར<<ཀྲུང་གོའི་རྩ་ཁྲིམས>>སོགས་ན་གྲངས་ཉུང་མི་རིགས་ཀྱི་ས་ཆ་ཁག་གི་ལས་ཁོངས་སོགས་ནས་ས་དེ་གའི་སྐད་ཡིག་སྤྱོད་དགོས་པ་གཏན་ལ་ཕབས་ཡོད་ལ། ངའི་ཕ་ཡུལ་དུའང་སྔོན་ཆད་རང་སའི་བོད་མི་ཁག་ཅིག་ལས་ཁུངས་སོ་སོར་བཀོད་སྒྲིག་བྱས་ཡོད། ཁོ་ཚོའི་ནང་ནའང་སྒོར་གཟན་ཁག་ཅིག་ཡོད་པ་བདེན་ཡང་། རང་སའི་བོད་མི་དག་གི་བྱ་བ་གང་མང་ལ་སྟབས་བདེ་བསྐྲུན་མྱོང་། འོན་ཏེ། ན་ནིང་དོ་ཚིགས་སྨད་རྒྱ་ལས་ཤོར་བ་ཁག་ཅིག་ཡར་བསྣུར་ཏེ་རྫོང་གི་ལས་ཁུངས་ཆེ་ཁག་བཟུང་བ་ནས་བཟུང་། སྐད་ཡིག་བཀོལ་སྤྱོད་ཀྱི་རྒྱུགས་ཚད་ཀྱང་ཇེ་ཉུང་དུ་ཕྱིན་པར་མ་ཟད། བོད་ཡིག་བཀོལ་བ་ཁྲིམས་འགལ་ཡིན་པ་སོགས་ཀྱི་སྣང་ཚུལ་ཡང་བྱུང་མྱོང་། དེ་བཞིན་ལས་ཁུངས་ཁག་ཅིག་ལ་ལོ་ཙཱ་བྱེད་མཁན་ཡག་པོ་ཞིག་མེད་ལ། རྫོང་གི་ཡིག་བསྒྱུར་ཁང་ཡང་ལས་ཁུངས་ལྷག་མ་ཞིག་ཏུ་གྱུར་ཚར་ཡོད་པ་མི་ལ་ཙི་ཙི་ལགས་ཀྱི་བྲིས་རྩོམ་ཞིག་ལ་གསལ་བ་དེ་བཞིན་ནོ།།
C མི་འབྲེལ་གྱི་དཀའ་ངལ།
གོང་གི་དེ་གཉིས་ཕུད་མི་འབྲེལ་གྱི་དཀའ་ངལ་དེའང་དཀའ་ངལ་ཆེ་ཤོས་ཤིག་ཡིན་ཐལ། ཕ་ཡུལ་ནས་གཞུང་གི་རྣམ་གྲངས་སོགས་ཀྱང་རྒྱུ་དང་ངོ་སོ་ཡོད་པ། རྒྱབ་རྩ་བཀན་པ། ཤ་ཉེའི་ནང་དུ་དཔོན་ས་མཐོན་པོ་ཡོད་པ་དག་གི་ལག་ལ་ཤོར་འགྲོ་ལ། ཁེ་ཅུང་ཙམ་ཡོད་ཀྱང་དེ་ཚོས་རེག་གི་ཡོད། དེ་བས་མང་ཚོགས་ཕལ་བ་ཚོར”སྡུག་ཡོད་ཀྱང་ཤོད་ས་མེད”པ་རེད། མི་འབྲེལ་མི་བཟང་བ་དང་མི་འབྲེལ་འཛིན་ས་མེད་པ་རེད།
གོང་གི་དེ་དག་ནི་དཔེ་མཚོན་ཙམ་ཡིན།
སྤྱིར་ཁོ་བོས་བོད་ཁམས་སྐོར་མ་མྱོང་ཡང་། “རྫ་ཁྲ་ཡག་ཕར་ནང་རིག་གི”ཞེས་པའི་གཏམ་དཔེ་ཞིག་ཡོད་པ་བཞིན་དུ། ཀླད་པས་ནང་དུ་བཙོ་བླུགས་ཡོད་པ་མིན་ན་ད་ལྟའི་གཞི་རིམ་གྱི་བོད་མིའི་གནས་བབས་ཅུང་ཙམ་ཞིག་ཧ་གོ་ངེས། མ་མཐའ་ཡང་གསར་འགྱུར་དུ་གཏོང་བ་དག་བཞིན”བཀྲ་ཤིས་བདེ་ལེགས”ཤིག་མིན་པ་ཤེས་འོང་། ལུང་བ་གཅིག་གི་མི་ཡིན་པས་སོ་སོའི་སྐྱིད་སྡུག་སེམས་ན་གསལ་ཅིག་གེར་ཡོད། ལྗོངས་ཞིང་ལྔའི་གཞི་རིམ་གྱི་བོད་མི་བྱིངས་འདི་ལྟར་ལོས་ཡིན་པར་སྙམ། མ་ཟད་གཞུང་འབྲེལ་གསར་ལམ་ཁག་ཏུ་དམངས་ལ”སྟབས་བདེ་བསྐྲུན་དགོས””སྟབས་བདེ་བསྐྲུན་དགོས”ཞེས་ཟེར་ཡང་། སྟབས་བདེ་ཅི་ཡང་བསྐྲུན་མེད་པ་ནི་མངོན་གསལ་ལོ།།
༤ ཟུར་ཞུ།
སྔོན་མ་སློབ་འབྲིང་འདོན་དུས་ནས་བཟུང་། ཁོ་བོའི་དགེ་རྒན་རེ་འགའ་དང་རྫོང་གི་མགོ་ཁྲིད་འགའ་རེས་བདག་ལ་རྩོམ་ཡིག་འབྲི་དུས་ཉམས་འཇོག་དགོས་པའི”ཁ་ཏའམ”འཇིགས་སྐུལ་ཡང་བྱས་མྱོང་། ཡིན་ནའང་། མིག་གིས་མཐོང་ཞིང་རྣ་བའི་ཐོས་པའི་དོན་དངོས་དག་དང་། རང་སེམས་ཀྱི་སྐད་ཆ་དག་གཞན་ལ་བརྗོད་རྒྱུ་དེ་ང་རང་གིས་སྒྲུབ་འོས་འོས་ཀྱི་བྱ་བ་ཞིག་ཏུ་མཐོང་ཡོད། གཞན་དུ་ན་འདི་དང་འབྲེལ་བའི་བྲིས་རྩོམ་མུ་མཐུད་དུ་ཡོང་གི་ཡིན་པས། དེའི་དོན་ཀྱང་ཀུན་ཀྱི་ཐུགས་ལ་འཇགས་པར་འཚལ་ཟེར་རྒྱུའོ།།
༤-༢༦ ནམ་གུང་ཆུ་ཚོད༢:༣༠སྟེང་ཁང་རྙིང་དུ་གྲུབ།
༤-༢༨ཉིན་གུང་བཟོ་བཅོས་རྒྱབ།
མཆན།
❶ བོད་ཀྱི་མིག་སྔའི་སྤྱི་ཚོགས་དང་འབྲེལ་ཏེ། གཞི་རིམ་སློབ་འབྲིང་སློབ་མའི་འཚོ་བ་མཚོན་པའི་སྒྲུང་རིང་ཞིག་བྲིས་ཡོད། ཁ་བྱང་ལ<<སློབ་རའི་ཕྱི་ནང་དུ>>ཟེར་ཅིང་། གོང་དུ་བཤད་པའི་དཔེ་དེབ་དེ་དག་ལས་བཞི་བ་ཡིན།
❷ བདག་གི་སློབ་འབྲིང་འཚོ་བའི་སྐོར་ཞིབ་མོ་ཞིག<<ཡུལ་གྱར་བའི་རེག་ཟིག>>ཞེས་པར་ཡོད་ལ། དེབ་འདི་ཕལ་ཆེར་མཐོ་གཉིས་སྐབས་ནས་བཟུང་གྲ་སྒྲིག་བྱས་པའི་ཟིན་བྲིས་རིང་མོ་ཞིག་སྟེ། གོང་གི་དེབ་དག་ལས་བརྒྱད་པ་ཡིན།


ལན་སློག


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up