ཚེ་རིང་ཟླ་བ་ནི་ང་ཚོའི་སློབ་གླིང་འདི་གའི་སློབ་མ་འཇོན་ཐང་ཅན་ཞིག་ཡིན་ལ། ཁོའི་ཁྱིམ་ཚང་གི་ཆ་རྐྱེན་ཡང་ལྟོས་བཅས་ཀྱིས་ཅུང་བཟང་བས། སློབ་གླིང་འདི་གའི་བུ་མོ་དག་གི་ཁྲོད་ན་ཁོ་ལ་དགའ་མཁན་གང་མང་ཡོད་ཅིང་ནམ་རྒྱུན་གྱི་ཁ་བརྡའི་བརྗོད་གཞི་རུའང་གྱུར་དང་འགྱུར་བཞིན་ཡོད། “གལ་ཏེ་ཚེ་རིང་ཟླ་བ་དང་མཉམ་དུ་ཚེ་གཅིག་གི་འཚོ་བ་རོལ་མི་ཐུབ་རུང་སློབ་ཆེན་གྱི་ལོ་ངོ་འདི་དག་སྐྱེལ་ཐུབ་ཚེ་ང་རང་སློབ་ཆེན་འདིར་འགྲིམས་པའི་འགྱོད་པ་གང་ཡང་མེད”ཅེས་གླེང་མྱོང་མཁན་ཡང་ཡོད་པར་བཤད། དེར་མ་ཟད། ཚེ་རིང་ཟླ་བའི་སྐད་འཕྲིན་སོགས་འབྲེལ་ཨང་ཅི་རིགས་རྩད་གཅོད་བྱས་ཏེ”ང་ཁྱོད་ལ་དགའ”ཟེར་མཁན་དང”ངས་ཁྱོད་ལ་རྗེས་སུ་ཡི་རང་བྱེད་ཀྱིན་ཡོད”ཟེར་མཁན་ནི་ཤིན་ཏུ་མང་། ཡིན་ན་ཡང་། ཚེ་རིང་ཟླ་བ་ནི་མི་ཁྲེལ་གཞུང་དང་ལྡན་པ་ཞིག་སྟེ། ཁོ་རང་དགའ་མྱོང་བའི་བུ་མོ་ཞིག་ཡིན་ན་མ་གཏོགས་རྫུན་དང་བསླུ་བྲིད་ཀྱི་རྒྱ་བཙུགས་ཏེ་བུ་མོ་དེ་ཐོབ་ཐབས་མི་བྱེད་ལ། ཁོའི་མཛའ་གྲོགས་སུ་གྱུར་བའི་བུ་མོ་ཞིག་ཡིན་ཚེ་དཀར་བོའི་སེམས་དང་དུང་བའི་སྙིང་གིས་གཅེས་པར་བྱེད་དོ།།
ཚེ་རིང་ཟླ་བའི་ཁ་པར་གྱི་སྒྲ་སིང་སང་གྲགས་པ་དང་མཉམ་དུ། མལ་གྲོགས་ཡོངས་དལ་ཅག་གེར་གྱུར་སོང་ལ། ཁ་པར་དུ་བུ་མོ་ཞིག་གིས་འཁང་ར་དང་འདྲེས་པའི་ལེ་ལན་གྱི་སྐད་ཆ་གང་མང་ཞིག་བཤད་རྗེས། ཁ་པར་གྱི་སྒོ་ཁྲོག་སེར་བརྒྱབ་མུར་ཚེ་རིང་ཟླ་བའི་ངོ་མདངས་ཀྱང་སྐྱ་བོར་གྱུར་བས། མལ་གྲོགས་དག་གིས་ཀྱང་ཁོ་གཉི་གའི་བརྩེ་དུང་ལ་བར་ཆད་བྱུང་བ་འོལ་ཚོད་དང་བཅས་ཏེ་དེ་མ་ཐག་རྟོགས་བྱུང་།
སྐབས་དེ་ནས་བཟུང་། ཚེ་རིང་ཟླ་བའི་ལུས་དང་གྲིབ་མར་གྱུར་བའི་མཛའ་མོ་གཡུ་སྒྲོན་གྱིས་སྡེ་ཁག་གཅིག་ལ་འཛིན་གྲྭ་མི་གཅིག་པའི་སློབ་མ་སྟོབས་རྒྱས་ཀྱིས་མོ་ལ་བྱིན་པའི་གསེར་གྱི་མཛུབ་དཀྲིས་ཤིག་ལ་རྐྱེན་བྱས་ཏེ་ཁོ་གཉི་གའི་དེང་མའི་བུ་རམ་ལྟ་བུའི་བརྩེ་དུང་གི་དམ་ཚིག་སོགས་ལ་ཕངས་སེམས་ཅི་ཡང་མེད་པར་རྒྱབ་ཀྱིས་ཕྱོགས་ཤིང་། ཚེ་རིང་ཟླ་བ་གླེང་ན་སྐྱུག་བྲོ་རབས་ཀྱང་བཤད་བཞིན། ཁོམ་གསེང་གི་དུས་ཚོད་ཨེན་ཙམ་བྱུང་ནའང་སྟོབས་རྒྱས་དང་འགྲོག་ཅི་ཐུབ་ལ་འབད་ཀྱིན་འདུག དེ་ལྟ་ནའང་ཚེ་རིང་ཟླ་བ་ནི་དེ་ལས་ལྡོག་སྟེ་བུ་མོ་གཞན་ཞིག་དང་མཉམ་དུ་བརྩེ་དུང་གི་དབུ་ཁྱུད་འབྲི་བའི་འདུན་པ་མ་བཅངས་པར། སློབ་གསེང་གི་དུས་ཚོད་ཐམས་ཅད་སློབ་སྦྱོང་བྱ་བའི་ཞོར་དུ་ཕུགས་བསམ་དང་འབྲེལ་བའི་ལས་རིགས་སྣ་མང་ལ་བསྟིམས་པས། ཚེ་རིང་ཟླ་བའི་སློབ་གླིང་འདི་གའི་གྲགས་སྐད་སྔར་བས་ཇེ་ཆེར་གྱུར་ཞིང་། མཉམ་འགྲོ་མཉམ་འདུག་བྱེད་མཁན་གྱི་གྲོགས་པོའང་ཇེ་མང་དུ་གྱུར་སོང་།
ཉིན་འདི་གར་ཚེ་སྐྱིད་ལ་རྒྱུན་ལྡན་མིན་པའི་དོན་དག་ཅིག་བྱུང་ཡོད་པ་འདྲ་སྟེ། གཟའ་འཁོར་འདིའི་ནང་དུ་ཏག་ཏག་ནམ་གུང་གི་དུས་ཚོད་གཉིས་པའི་བར་དུ་མི་ཞིག་དང་ལབ་གླེང་བྱས་ནས་བསྐྱལ་བཞིན་འདུག་ལ། ཕར་བལྟས་ཚོད་ལ་ཚེ་སྐྱིད་ཀྱིས་སློབ་ཆེན་གྱི་སྙིང་གྲོགས་ཤིག་རྙེད་ཡོད་པ་དང་མཚུངས། ཁ་པར་གྱི་སྒོ་མ་གཏད་པའི་སྔུན་ལ་ཁོ་མོས་མི་དེ་ལ”亲爱的 么么哒”ཞེས་སྐད་ཆ་མངར་མོ་ཞིག་གིས་མཇུག་བསྡུ་བར་བྱེད།
ནམ་གུང་གི་དུས་ཚོད་གཉིས་པར་ཚེ་སྐྱིད་ཀྱིས་ལག་ཁྱེར་ཁ་པར་སྔས་འགྲམ་གྱི་ཅོག་ཙེའི་སྟེང་བཞག་སྟེ་རྨི་ལམ་གྱི་ཞིང་ཁམས་འགྲིམ་པའི་སྟ་གོན་བྱས་སོང་།
ནམ་སྨད་ཀྱི་དུས་ཐུན་གསུམ་པར་ཚེ་སྐྱིད་ཀྱིས་ཚེ་རིང་ཟླ་བ་དང་འབྲེལ་བའི་རྨི་ལམ་ཐན་ཐུན་ཞིག་རྨིས་ཤིང་། རྨི་ལམ་དུ་ཁོ་གཉིས་ཀའི་དབྱར་ཟླ་དྲུག་པའི་མེ་ཏོག་གི་ཕྲ་ཚོམ་བཏབ་པའི་རྩྭ་ཐང་ཞིག་ཏུ་ཁྱོད་དགའ་ང་དུང་གི་སྙིང་གཏམ་བཤད་ཞོར་དུ། མེ་ཏོག་གི་མགུལ་རྒྱན་རེ་བསླེས་ཏེ་ཕན་ཚུན་ལ་དྲན་རྟེན་དུ་སྐོན་རེས་བྱེད་ཅིང་། ལན་རེར་སེམས་ཅན་གྱི་མྱི་ཁས་རབ་ཏུ་མནན་ཏེ་ཁོ་གཉི་གའི་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་ཏེ་ལྷ་ཡུལ་དང་མི་ཡུལ་སོ་སོར་བྲལ།
ཐོར་འགོ་ཟིན་ཙམ་ལ་ཚེ་སྐྱིད་ཀྱི་མིག་ཡོངས་མིག་ཆུས་བརླན་ཏེ”ཚེ་རིང་ཟླ་བ། ཚེ་རིང་ཟླ་བ།”ཞེས་ངུ་ངག་འདྲེས་མའི་སྐད་ཅོག་རྒྱག་གིན་འདུག་པས། ཚེ་རིང་ཟླ་བ་དང་ཚེ་སྐྱིད་གཉིས་ཀྱིས་ཁོ་གཉིས་ལ་དབང་བའི་བརྩེ་དུང་གི་འཇིག་རྟེེན་ཞིག་སྐྲུན་བཞིན་པ་རྟོགས་སོ།།
ང་ཚོས་ཡུན་རིང་ལ་རེ་ཞིང་སྒུག་པའི་གཟའ་མཇུག་གི་ངལ་གསོའི་དུས་ཚོད་སླེབས་སོང་། གཟའ་མཇུག་གི་ངལ་གསོའི་དུས་ཚོད་ནི་སློབ་ཆེན་པ་རྣལ་མ་ཞིག་ལ་མཚོན་ན་སྔར་བཞིན་སློབ་གཉེར་དང་དགའ་ཕྱོགས་ཀྱི་ལས་རིགས་ལ་བསྟིམས་པའི་ཆེས་ལེགས་པའི་ངལ་གསོ་སྟངས་ཤིག་ཡིན་མོད། སློབ་གྲྭར་འགྲོ་བ་ནི་ཉི་མ་གཏོང་ཐབས་དང་རང་མགོ་རང་གཡོག་བྱེད་ཀྱིན་པའི་སློབ་ཆེན་པའི་མིང་ཙམ་འཛིན་མཁན་དག་ལ་མཚོན་ན་ཆང་ཁང་དང་ཇ་ཁང་ཉུལ་ཏེ་ཉི་མ་དོན་མེད་དུ་བཏང་སྟེ་ཕ་མའི་རྔུལ་ནག་ས་རུ་བརྫི་ཐབས་ཤིག་ལས་ཅི་ཡང་མ་རེད།
སློབ་ཆེན་པ་སྟོབས་རྒྱས་ནི་མཐོ་འབྲིང་ནས་བཟུང་། སྐྱལ་སྟོང་ངམ་མི་བྱེད་དགུ་བྱེད་ཀྱི་སྦྱོར་ངན་ཚང་བའི་ལས་སུ་ཞུགས་ཤིང་། སྐབས་དེ་ནས་བཟུང་སློབ་སྦྱོང་དང་མི་གཞི་ཀུན་སྤྱོད་སོགས་ཕྱོགས་གང་ཅིའི་ཐད་དུ་བྱི་ལོང་གིས་ཨ་བྲ་བཟུང་བ་ནང་བཞིན་ཡར་རྒྱས་གང་ཡང་མ་བྱུང་བ་དང་།བསྟུད་མར་སློབ་སྐབས་གཉིས་གསུམ་གྱི་རིང་འཛིན་གྲྭ་ཡོངས་ཀྱི་ཨང་རིམ་ཆེས་མཐའ་མར་ལྷུང་བས་ཁོ་རང་ཉིད་ཀྱང་རང་ཉིད་ལ་ཡིད་རབ་ཏུ་ཆད་དེ། སྔར་བས་ཀྱང་སློབ་སྦྱོང་སོགས་ཀྱི་ཐད་དུ་སེམས་ཤུགས་ཉམས་ལ། དགེ་རྒན་དང་སློབ་མ་ཡར་སེམས་ཅན་འགའ་རེའི་ཁ་བརྡ་རེ་བྱས་ནའང”ད་འདི་ལས་དབང་རེད། ང་ལ་ཐབས་བཀོད་ཡོད་ནི་མ་རེད།”ཅེས་སུས་ཀྱང་སྒུལ་མི་ཚུགས་པ་ཞིག་ཏུ་གྱུར། གཞན་ཁོའི་ཁྱིམ་ཚང་གི་ཕ་མ་གཉིས་ཀྱང་ཡིག་རྨོངས་ཏན་ཏན་ཡིན་ཙང་། ནམ་རྒྱུན་ཁ་ཐག་རིང་བའི་བུ་ཆུང་ལ་སྒོར་མོ་རེ་འགའ་སྟེར་བ་ལས་སློབ་སྦྱོང་དང་མི་གཞི་ལེགས་བཅོས་ཐད་དུ་ནན་བཟུང་མ་བྱས་པས། སྟོབས་རྒྱས་ལའང་སྒོར་མོ་འགའ་རེ་ཡོད་པའི་ཡིད་རབ་ཏུ་ཚིམས་བཞིན་སློབ་གྲོགས་བུ་མོ་དག་ལ་སྒོར་མོ་འགའ་རེས་ལེགས་སྐྱེས་ཆུང་ངུ་རེ་ཉོས་ཏེ་ཁྱོད་ལ་དགའ་རབས་དང་དུང་རབས་བཤད་ནས་རིང་ན་ཟླ་ངོ་ཁ་ཤས་དང་ཐུང་ན་ཉིན་མཚན་གཅིག་གཉིས་ཀྱི་གྲོགས་སུ་འགུག་ཐབས་བྱེད་པའི་ཕྱོགས་སུ་སྤྱང་ཀི་ཤ་ལ་རྔམ་པ་བཞིན་རང་དབང་མེད་པར་མགོ་བོ་འཁོར།
མཐོ་རྒྱུགས་ཟེར་བའི་ཁྲིམས་དཔོན་བཙན་པོ་དེས་མི་རེ་རེ་ལ་འདྲི་གཅོད་ཚ་ནན་གཏོང་བཞིན་ཡར་འཐེན་མར་གཡུག་བྱ་ངེས་པའི་དྲན་སྐུལ་དཔེར་འགོད་ཀྱིས་ལབ་ནའང་སྟོབས་རྒྱས་ཀྱིས”ལས་ཤིག་ཡོད་ན་ལམ་ཞིག་ཡོད་ངེས་དང་མི་མ་ཤི་ན་རེ་བ་ཡོད་ངེས།”ལྟ་བུ་རེ་ལབ་བཞིན་སུ་ཞིག་གི་རེ་བཅོལ་སྒྲུབ་པ་ནང་བཞིན་དེ་དག་ལ་འཇིགས་དངངས་གང་ཡང་མ་བྱུང་བར། སྔར་བཞིན་ཆོ་མེད་ཀྱི་འཚོ་བར་འཇུས་ཤིང་དེའི་བར་དུ་གྲོགས་པོ་སྐྱལ་སྟོང་འགའ་དང་མཉམ་པོར་དུ་ཆང་གི་ལོངས་སྤྱོད་ལའང་ཉིན་རེ་ནས་ཉིན་རེ་བཞིན་ཆགས་པར་གྱུར། ཁོས་ད་དུང་མཐོ་རྒྱུགས་ཀྱི་ཁྲིམས་དཔོན་བཙན་པོ་དེས་ང་རང་སྟེས་དབང་ཞིག་གིས་ཡར་འཐེན་བྱས་ཚེ། དགེ་རྒན་ཁ་ཤས་ཀྱིས་བཤད་ན་སློབ་ཆེན་ནས་ཕོ་མོའི་བརྩེ་དུང་ལ་རང་དབང་ཆེ་བ་དང་སློབ་ཆེན་གྱི་སློབ་མ་མང་ཆེ་བ་དེའི་འཚོ་བ་ལ་མགོ་གྱོང་ཡོད་རབས་བཤད་པས། ངས་ཀྱང་མུ་མཐུད་དུ་བུ་མོ་གང་མང་མང་ལ་ཡག་རབས་དང་རྒྱན་རབས་བཤད་ནས་སློབ་ཆེན་གྱི་ལོ་ངོ་དེ་ཚོ་གླེང་རི་བའི་བརྩེ་དུང་ཞིག་གིས་མཇུག་བསྡུ་རྒྱུ་ཡིན་ཟེར།
དབྱར་ཟླ་དྲུག་པའི་བསིལ་རླུང་དང་མཉམ་དུ། མཐོ་རྒྱུགས་ལ་གཞུག་དགོས་པའི་སློབ་མ་ཡོངས་དང་བོད་རྟེན་འབྲེལ་གྱི་བདག་པོའི་འགྲོ་སྲོལ་ལྟར་སྟོབས་རྒྱས་ཀྱིས་རང་ཡུལ་ས་ཁུལ་གྱི་སྐྱེས་ལྷ་གཞི་བདག་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་མཚན་ནས་བོས་ཏེ་བསང་དུད་ལྷོག་ལྷོག་འཕྱུར་བའི་རེ་སྨོན་ཁྲོད་ནས་རྒྱུགས་ར་ཟེར་བའི་བཙན་རྫོང་བརྗིད་པོ་དེའི་ཕྱོགས་སུ་གོམ་ཁ་བསྒྱུར་སོང་ལ། ད་ལོ་ཡང་ང་ཚོའི་ས་ཁུལ་ནས་སློབ་མ་ག་ཚོད་ལུས་རྒྱུ་ཡིན་ནམ་སྙམ་པའི་སེམས་ངལ་ཁུར་བའི་ཕ་མ་དག་གིས་རང་རང་གི་བྱིས་པའི་ཕྱོགས་སུ་བཀྲ་ཤིས་ལེགས་གསོལ་གྱི་སྨོན་འདུན་གྲངས་མེད་ཞུ་བཞིན་ཡུལ་ལུང་ཡོངས་ལ་རེ་ཞིག་བྲེལ་བྲེལ་འཚུབ་འཚུབ་ཀྱི་ཡོ་ལང་འཕྱུར་བྱུང་།
“ངས་རྒྱུགས་འཕྲོད་འདུག ངས་རྒྱུགས་འཕྲོད་འདུག” སྟོབས་རྒྱས་གཟའ་ནག་གིས་བཟུང་བ་ཇི་བཞིན། ཁྱིམ་ཚང་གི་ཕྱོགས་སུ་རྒྱུག་ཡོང་ནས་ཕ་མ་སྤུན་མཆེད་ཡོངས་ལ་མཐོ་རྒྱུགས་ཟེར་བའི་དཔོན་ཁྲིམས་བཙན་པོ་དེས་ཁོ་རང་ཡར་འཐེན་བྱས་འདུག་ཚུལ་དང་། བསླབ་བྱ་འདི་ལ་སྐར་མ་འདི་དང་བསླབ་བྱ་ཅིག་ལ་སྐར་མ་ཉིག བསྡོམས་སྐར་ལ་གན་གན་འདི་འདི་ཞེས་ལུང་བ་གང་བཤད་མོད། ཀ་ཁའི་མགོ་རྔ་ཐུར་འཁོར་ཡོད་མེད་ཀྱང་མི་ཤེས་པའི་ཁོའི་ཕ་མ་གཉིས་དང་སྤུན་མཆེད་ཚོར་མཚོན་ན་དེ་ནི་ངག་མི་འཁྲོལ་བའི་བྱིས་པ་ཞིག་ལ་གཏམ་རྒྱུད་བཤད་པ་ཇི་བཞིན་དགའ་སྡུག་གི་རྣམ་འགྱུར་ཅི་ཡང་མ་བྱུང་ལ། དེ་ལས་ཁོ་ལ་སྐམ་ཤ་ཚོན་པོ་ཞིག་དང་ཤ་ཚོད་ཀྱིས་སྡེར་ཁ་བསྒྲིགས་ནས་སྟོབས་རྒྱས་བཟང་ངོ་ཞེས་བསྟོད་པ་རེ་བྱེད་པ་བདེའོ།།
སྟོབས་རྒྱས་ཟེར་ན་ཡུལ་ལུང་ཡོངས་ཀྱི་ཕོ་མོ་རྒན་དར་གཞོན་གསུམ་ཐམས་ཅད་ཀྱིས”འོ། དེ་ཚང་གི་ཞི་ལི་ཆོ་མེད། སྐྲ་ལོའང་སེར་བོར་བསྒྱུར་ཡོད་པ་དེ”ཞེས་མི་ཤེས་མཁན་གཅིག་ཀྱང་མེད་པ་དང་སྟོབས་རྒྱས་ཀྱི་སློབ་སྦྱོང་དང་མི་གཞི་གང་ཅིའི་ཐད་ཅི་འདྲ་ཞིག་ཡིན་ངེས་པ་སྡེ་བ་ཡོངས་ཀྱི་སེམས་ལ་ཁྲིགས་སེ་ཡིན་པས། ཁོས་སློབ་ཆེན་ལ་རྒྱུགས་འཕྲོད་པའི་འཕྲིན་བཟང་ཡུལ་ལུང་དེར་ཁྱབ་པ་དང་མཉམ་དུ། སྡེ་མི་ཡོངས་ཧ་ལས་བཞིན”འོ་འོ། བླ་མ་དཀོན་མཆོག ད་ཐེངས་ད་ཆོས་སྐྱོང་སྲུང་མ་དངོས་སུ་འཁོར་འདུག” སྟོབས་རྒྱས་ཀྱིས་རྒྱུགས་འཕྲོད་ངེས་ཟེར་ན་སུའང་ཡིད་ཆེས་དཀའ་མོད། དེས་ཀྱང་སློབ་ཆེན་ལ་རྒྱུགས་འཕྲོད་ཡོད་ན་གཞན་དག་ནི་བཤད་ཅི་དགོས་སྙམ་མུར། སྡེ་བ་ཡོངས་ཀྱི་རེ་ལྟོས་འཆའ་ས་ཁ་ཤས་ཀྱིས་སློབ་ཆེན་ལ་རྒྱུགས་སྤྲད་པའི་གནས་ཚུལ་ལ་ལག་ཁྱེར་ཁ་པར་སོགས་འཕྲིན་ལམ་ཅི་རིགས་བརྒྱུད་ནས་རྒྱུས་ལོན་བྱས་པར། སྟོབས་རྒྱས་མ་གཏོགས་གཞན་དག་གིས་ས་ཆེན་པོ་ཟིན་མེད་ཚུལ་གོ་འཕྲལ་སྡེ་བ་ཡོངས་ལ་འདྲོགས་ལྟ་བུ་ལངས་བཞིན་བཤད་ཡམས་ཤིག་གི་མགོ་བསླངས་ཏེ། ནམ་རྒྱུན་སློབ་སྦྱོང་སོགས་གང་ཐད་དུ་བཟང་བའི་སློབ་མ་འགའ་རེ་ལ་རི་ལྟ་བུའི་གནོན་ཤུགས་ཤིག་དབང་མེད་དུ་སྤྲད་པ་དང”དེ་དག་ལ་རེ་བ་མི་འདུག”ཅེས་གླེང་ཕྱོགས་འདྲ་མིན་ཡང་བཟོས་སོང་།
སྐབས་དེ་ནས་བཟུང་། སྟོབས་རྒྱས་ཀྱིས་སྟོང་འདང་ལྟ་བུའི་རྨི་ལམ་རྨི་མགོ་བརྩམས་ཤིང་། སློབ་ཆེན་ནས་སློབ་གྲོགས་བུ་མོ་ག་ཚོད་ལ་མགོ་སྐོར་གཏང་སྟེ་རང་ལ་ཐོབ་ཐབས་བྱེད་དགོས་པ་དང་། ཕ་མ་སོགས་ཉེ་དུ་དག་ལ་ཅི་ལྟར་བསླུ་བྲིད་བྱས་ཏེ་རང་ལ་སྒོར་མོ་ཐོབ་ཐབས་བྱེད་དགོས་པ་སོགས་ཀྱི་ཐད་དུ་མགོ་འཁོར་བཞིན། “ནོར་ལུག་གི་རྫི་བོ་བྱེད་དུ་སོང”ཞེས་སྐུལ་ནའང”འདིས་ཅི་ཟེར། ངས་ད་སོ་མར་སློབ་ཆེན་ལ་རྒྱུགས་འཕྲོད་པ་མིན་ནམ། ད་རུང་ངལ་གསོ་ལེགས་པོ་ཞིག་བྱེད་དགོས།”ཞེས་བལྟས་བལྟས་རིག་རིག་ལ་ཨུ་ཚུགས་ཅན་གཡག་རྒོད་ལྟ་བུ་ཞིག་གམ་མགོ་འཕང་མཐོན་པོ་ཐོག་འདྲ་བ་ཞིག་ཏུ་གྱུར་རོ།།
དུས་ཚོད་འདི་ཇི་འདྲའི་མགྱོགས་ཨང་། དུས་ཚོད་མི་སྡོད་གཡང་གཟར་ཆུ་བོ་བཞིན་ཟེར་བ་ཅི་མ་བདེན། སྟོབས་རྒྱས་སློབ་ཆེན་ལ་འགྲོ་བའི་དུས་ལ་ཐོན་བྱུང་། ཁོའི་ཕ་མ་གཉིས་ཀྱིས་ཁོར་རང་ཡུལ་གྱི་ཁྱད་ཆོས་ལྡན་པའི་རྩམ་པ་དང་ཤ་སོགས་ཀྱིས་སྐྱེལ་མ་བྱས་མོད། ཁོས”མང་བོ་མ་འཇུག མར་སོང་ན་གྲོང་ཁྱེར་ཆེན་པོ་ཡིན་ནི་རེད། འདི་རིགས་ཟ་ཞེས་ཀྱང་བཤད་དཀའ།”ཞེས་རྫིག་རྫིག་གི་སྐད་ཆ་ཤོར་བཞིན། ལོ་ངོ་དྲུག་བདུན་ཞིག་ལ་སྟེང་ནས་བབས་མ་མྱོང་བའི་ཁོ་ཚང་གི”བོའུ་ཡང”རྟགས་ཅན་གྱི་འཕྲུལ་རྟ་དེར་ཞོན་ནས་ཁོ་ཕ་བུ་གཉིས་གཞི་ནས་རྫོང་ཐོག་ལ་འགྲོ་བའི་ལམ་ལ་ཆས་པས། རེ་སྒུག་གི་མིག་ཟུང་འཁྲེང་ཞེན་གྱིས་ཤན་པའི་ཁོའི་ཨ་མ་ཡིས”ངའི་བུ་འདིས་སློབ་སྦྱོང་གང་འདྲ་ཞིག་བྱ་རྒྱུ་ཡིན་པ་དང་མ་འོངས་པར་མི་དམངས་ལ་དགོས་མཁོ་ཅན་གྱི་མི་གང་འདྲ་ཞིག་ཏུ་འགྱུར་ངེས་སམ”སྙམ་པའི་དྲི་རྟགས་ཆེན་པོ་དང་ལྷན་ཅིག་ཁོ་གཉིས་མིག་གིས་མཐོང་ཚད་བར་དུ་ལམ་ལ་བསྐྱལ།
སྟོབས་རྒྱས་ཀྱིས་སློབ་ཆེན་གྱི་དམག་སྦྱོང་གི་མགོ་བརྩམས་བྱུང་། གྲལ་ཕྲེང་བསྟར་བའི་མི་ཚོགས་རེ་རེའི་ཁྲོད་དུ་ཁོས་སློབ་གྲོགས་བུ་མོ་རེ་རེ་ལ་མིག་གི་ཟུར་མདའ་འཕེན་ཞོར། “ཚ་བ་ཆེའམ། བཏུང་བྱ་གང་ཅན་པོ་འཐུང་འདོད། ང་འགྲོར་ཉོ་ཡོང་།”ཞེས་སྟག་ཤ་ར་ཞིག་གི་ཚུགས་ཀ་བཏོད་ཅི་ཐུབ་དང་ཁྱིམ་འབྱོར་བ་ཅན་ཞིག་གི་ཉམས་སྟོན་གང་ཐུབ་བྱས། མལ་ཁང་གཅིག་པའི་མལ་གྲོགས་དག་མཉམ་དུ་འཛོམས་ནས་གང་དགའ་གང་སྐྱིད་ཀྱི་ལབ་གླེང་རེ་བྱས་ན་ཡང་། སྟོབས་རྒྱས་ཀྱིས་གྲལ་ཕྲེང་ཅིག་ན་ཞི་མོ་ཡག་མོ་ཞིག་ཡོད་པ་དང་ཉིག་ན་སྐྱེ་གཟུགས་ཕྲ་མོ་ཅན་ཞིག་འདུག་ཚུལ་གྱི་ཆོ་མེད་བྲོ་མེད་ཀྱི་སྐད་ཆ་རེ་ཟུང་གིས་མལ་ཁང་གི་དགོད་སྒྲའང་ཅིག་ཅར་དུ་བརླགས་པར་བྱེད། དམག་སྦྱོང་གི་དུས་ཡུན་ཡོངས་སུ་རྫོགས་སོང་ལ་སྟོབས་རྒྱས་ཀྱང་སློབ་ཆེན་གྱི་སློབ་མ་དངོས་མ་ཞིག་ཏུ་གྱུར་སོང་། དམག་སྦྱོང་གི་སྐབས་སུ་ཁོའི་སློབ་གྲོགས་བུ་མོ་གང་མང་ལ་རྫུན་གྱི་རྒྱ་བཙུགས་ཏེ་ཆང་ཁང་དུ་ཁྲིད་པ་བཅུ་གྲངས་སུ་ལོངས་ཤིང་། སློབ་མ་དངོས་མར་གྱུར་བ་ནས་བཟུང་ཁོས་ཁོ་ཚོའི་རྫོང་གི་མགོ་ཁྲིད་ཅིག་ནི་ཁོ་ཚང་གི་ཤ་ཉེ་ཡིན་པ་དང་། སློབ་གཙོ་ཉིག་ནི་ཁོའི་ཕ་རྒན་གྱི་མནའ་བཅད་ཡིན་པ་སོགས་བསྟན་བཤིག་ཚ་བོའི་རྫུན་གཏམ་གཅིག་གཅིག་གཉིས་གཉིས་ཀྱིས་བསྒྲིགས་ཏེ་རང་སྲུང་གི་ནུས་པ་དམན་པའི་བུ་མོ་དག་བསླུ་བྲིད་ཀྱི་དྲ་བར་བཅུག་པ་དང་། བརྩེ་དུང་གི་རང་བཞིན་བརྟན་པའི་ཕོ་མོ་གཉིས་ཡིན་ཚེ་ཁོའི་མིག་ཏུ་མི་འབབ་པས། ཧམ་སེམས་ཀྱི་ལག་ངར་ཚེ་རིང་ཟླ་བ་དང་གཡུ་སྒྲོན་གཉིས་ཀྱི་ཕྱོགས་སུ་འཕངས་སོང་། དེར་དང་ཐོག་གཡུ་སྒྲོན་ལ་འགྲིག་འགྲིག་གི་གཏམ་འགའ་རེ་བཤད་ན་ཡང་ཁོའི་ཕྱོགས་སུ་མ་འཁོར་བ་ལ། ཕངས་སེམས་དང་ནོངས་འགྱོད་ཅི་ཡང་མེད་པའི་ངང་ནས་ཕ་མས་གནང་བའི་སྒོར་སྟོང་ལྔ་ཡོད་པ་དེས་གསེར་གྱི་མཛུབ་དཀྲིས་ཤིག་ཉོས་ཏེ་བྱིན་པས་ད་གཟོད་ངོ་ལོན་ཞིང་སེམས་འཁོར་སོང་ངོ་།།
གཟའ་སྤེན་པའི་ཕྱི་དྲོ་དེར། སྟོབས་རྒྱས་དང་གཡུ་སྒྲོན་གཉིས་གས་ཕན་ཚུན་ལ་འཐམ་འཁྱུད་ལྟ་བུ་བྱེད་བཞིན། སློབ་གྲྭ་དང་བར་ཐག་ཅུང་རིང་བས་མགྲོན་བྲང་ཞིག་ཏུ་བུད་སོང་ལ། ཁོ་གཉིས་གས་་འཇིག་རྟེན་གྱི་བདེ་བ་ཟེར་བ་དེ་མྱོང་རྒྱུ་ཡིན་ནམ། ཡང་ན་ཁོ་གཉིས་གའི་འགྱུར་མེད་དམ་ཚིག་གཅིག་ལ་བབས་པའི་གསང་ཚིག་བརྗོད་རྒྱུ་ཡིན་ནམ། མ་འོངས་པ་ཟེར་བའི་གབ་ཚིག་དེའི་གབ་ལན་མཉམ་དུ་འཚོལ་རྒྱུ་ཡིན་ནམ་གྱིས་མཚོན་པའི་དྲི་བ་གང་མང་ཞིག་གིས་མཚན་ལམ་རིང་མོ་ཞིག་ཆུ་ལ་ཕུ་བཏབ་པ་ནང་བཞིན་ཕར་ལ་འདས་སོང་།
གཡུ་སྒྲོན་གྱིས་སྐད་འདར་མ་འདུར་གྱིས”ཁྲེལ་མེད་ཁྱོད། ཁྱི་ལྟ་བུ་ཁྱོད།”ཅེས་སྡུག་སྐད་ཅིག་ཤོར་བཞིན། མགྲོན་བྲང་ལས་ཕྱིར་བུད་མུར། སྟོབས་རྒྱས་མལ་ཁྲིའི་སྟེང་གན་རྐྱལ་དུ་ཉལ་བཞིན་མལ་ཁང་གཅིག་པའི་གྲོགས་པོ་ཞིག་ལ་ཁ་པར་བཏང་ནས”འོ་ཧོ་ཧོ། འཇིག་རྟེན་ཁམས། ཡང་གཅིག་གཡུགས་ཟིན།”ཞེས། ཧ་ཧ་ཧོ་ཧོའི་སྨྱོ་གཏམ་དང་འགྲོགས་ནས་ང་ཚོས་ཀྱང་དོན་དུ་དོན་དག་ཅི་འདྲ་ཞིག་བྱུང་ཡོད་པ་ཤེས་པར་འགྱུར་རོ།།
གཟའ་ལྷག་པའི་ཉིན་གང་བོ་ནི་ངེད་འཛིན་གྲྭར་མཚོན་ན་ཅུང་ངལ་སྣང་སྟེར་བའི་ཉིན་མོ་ཞིག་སྟེ། གྲངས་རིག་དགེ་རྒན་གྱི་འགྲེལ་ནས་ཚར་རྒྱུ་མེད་པའི་སྤྱི་འགྲོས་དག་དང་ལོ་རྒྱུས་དགེ་རྒན་གྱི་ལུང་རིགས་དང་གཏན་ཚིགས་བྲལ་བའི་སློབ་ཁྲིད་དག་་འཚང་ཁ་ཤིག་ཤིག་གིས། གྲངས་རིག་ལ་སྤྲོ་བ་དང་སྦྱངས་སྟོབས་མེད་པའི་སློབ་མ་ང་ལྟ་བུ་དག་ལ་བསམ་གཟས་ནས་དོ་བསྡོ་བ་དང་གཉིས་སུ་མི་འདུག
སྔ་དྲོའི་སློབ་ཐུན་དག་རིམ་གྱིས་གྲོལ་བས། ཞོགས་དུས་སྔ་མོ་ནས་ལངས་ཏེ་ནངས་ཇ་འཐུང་ལོབས་སུ་གྱུར་མེད་པའི་སློབ་ཆེན་པ་དག་ལ་མཚོན་ན་དེ་ནི་རང་ཉིད་ཀྱི་ཕོ་བར་བཅིངས་གྲོལ་བྱེད་སྟངས་ཤིག་རེད། ད་ནི་སློབ་གྲྭའི་ཕྱི་ནང་གི་ཟ་ཁང་གང་རུང་ལ་སོང་ནས་ནངས་ཇ་དང་གུང་ཇ་མཉམ་དུ་བསྲེས་པའི་ཟས་ཐུན་སྐྱིད་པོ་ཞིག་རོལ་ཆོག ཉིན་གུང་གཟུར་ཙམ་ལ། གཡུ་སྒྲོན་གྱིས་རྙིང་ཧྲལ་དུ་གྱུར་བའི་དཔེ་ཆ་ཞིག་མཆན་ལ་བཙིར་ནས་སློབ་གྲྭའི་སྒོ་ཆེན་ལས་ཕྱིར་བུད་སོང་བས། ངེད་ཅག་མཉམ་པོར་ཟ་མ་ཟ་བཞིན་པའི་མལ་གྲོགས་ཤིག་གིས”ད་དུང་ཟ་མ་ཟས་མེད་པ་ཡིན་ནམ། ད་མི་རིང་བར་ཡང་སློབ་ཁྲིད་འཚོག་བྱུང་།”ཞེས་བཤད་པ་ལ། འགྲམ་གྱི་མལ་གྲོགས་མི་ཆུང་ཁ་བདེ་ཡིས”སློབ་ཆེན་པ་ཚོ་ལ་སློབ་ཁྲིད་ཀྱི་འདུ་ཤེས་དེ་ཙམ་བཟང་རྒྱུ་མི་འདུག ཁྲིགས་ཁྲིགས་མེད་ན་སྟོབས་རྒྱས་ཀྱིས་ཁོ་མོར་བརྩེ་དུང་གི་བསླུ་བྲིད་ཐེངས་ཤིག་བཏང་ཟིན་པས། ད་ནི་ཧ་ཧ་ཧ།”ཞེས་སྐད་ཆའི་མཇུག་ཀྱང་མ་བཤད་པས། ངེད་ཅག་གིས་ཀྱང་ཐེ་ཚོམ་དང་བཅས་པའི་དྲི་རྟགས་ཤིག་གིས་ཁོ་མོས་ཟས་ཐུན་ཞིག་རོལ་རྗེས་ཕལ་ཆེར་ཕྱིར་ཡོང་སྲིད་སྙམ་བཞིན་སློབ་ཁྲིད་ཐོག་ཁང་གི་ཕྱོགས་སུ་བསྟར་སོང་།
སློབ་ཁྲིད་ཀྱི་དངོས་གཞི་འཚོགས་ཟིན་པས། མིག་ཤེལ་ཆེན་པོ་གྱོན་པའི་ཆབ་ཁྲིད་དགེ་རྒན་གྱིས་སློབ་མ་རེ་རེའི་མིང་ནས་འབོད་མགོ་བརྩམས་བྱུང་།
“ནོར་བུ་དགའ་འཕེལ། ཡོད།”
“སྒྲོལ་མ་ཚེ་བརྟན། ཡོད།”
“རིན་ཆེན་དོན་གྲུབ། ཡོད།”
“གཡུ་སྒྲོན། གཡུ་སྒྲོན།
སློབ་ཁང་གང་བོས་མགྲིན་གཅིག་ཏུ”མེད་ཀི”ཞེས་ལན་བཏབ་པར། “འོ་ཡ་ཡ། ད་ཐེངས་ཀྱི་སློབ་སྐབས་འདིར་སྐར་མ་སྟེར་རྒྱུ་མེད། རང་རྟོགས་རང་འགུལ་ཟེར་བ་དེ་འདྲའི་ཞན་ཨང་།”ཞེས་སྨྱན་མང་གཟུགས་ལ་ཅེར་བཞིན། “རང་རྒྱལ་གྱི་རྩ་ཁྲིམས་སུ། རང་ལོ་བཅོ་བརྒྱད་ལ་སོན་པའི་སྤྱི་དམངས་ཤིག་ཡིན་ཚེ། མི་རིགས་དང་ས་ཁོངས། ཡོན་ཚད། ཕོ་མོའི་དབྱེ་བ་མེད་པར། གདམ་བྱ་དང་འདེམས་བྱེད་ཀྱི་དབང་ཆ་ཡོད་པ་དང་། གཞན་རང་རྒྱལ་སྲིད་གཞུང་ནི་མི་དམངས་ཀྱི་སྲིད་གཞུང་ཡིན་ལ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་སྒྲུབ་རྒྱུ་ནི་རང་རྒྱལ་སྲིད་གཞུང་གི་དགོངས་པ་ཡིན།”ཞེས་སྐད་ཆ་མང་བོ་གློག་འཁྱུག་འཁྱུག་བྱས་སོང་བས། སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟེར་ན་ཁྱོད་ལས་སུ་སྙམ་པའི་དད་པ་ཞིག་ཀྱང་དབང་མེད་དུ་སྐྱེ་བར་བྱེད། དེ་ལྟར་སྐར་མ་སུམ་ཅུ་ལྷག་འགོར་རྗེས། ངའི་འགྲམ་གྱི་སློབ་མ་པྲ་ཚག་དེས”ཨ་རོ། གཡུ་སྒྲོན་ལ་ད་སྐབས་སེམས་སྡུག་ཅུང་ཟད་ཡོད་ངེས་པས། དོན་དག་འདྲ་བྱུང་ཨེ་སྲིད་དམ”ཞེས་ཁ་བརྡའི་གླེང་བཙུགས་བྱུང་། “ཨ་ལ། ཕལ་ཆེར་དོན་དག་འདྲ་བྱུང་ཅི་དཔེ་འདོད། ང་ཁོ་མོར་འདྲིས་ཆ་ཆེན་པོ་མེད་པས་ཁ་ཚོན་གཅོད་དཀའ།” “འོ་ལེ། འོ་ལེ། ངེད་གཉིས་མཐོ་འབྲིང་གི་སློབ་གྲོགས་ཀྱང་ཡིན་པས། ཅུང་གསལ་ཆ་ཡོད།”
མཐོ་འབྲིང་གི་སྐབས་སུ། སློབ་གྲོགས་གཡུ་སྒྲོན་ནི་སྐབས་དེའི་སློབ་གྲྭ་དེ་གའི”རྩེར་སོན་འཛིན་གྲྭ”ཞིག་ནས་སློབ་མཐར་ཕྱིན་པ་དང་། རྩེར་སོན་འཛིན་གྲྭའི་སློབ་མ་ཡོངས་ལ་རང་རང་གི་ཆུ་ཚད་མཐོ་ཞེས་ང་རྒྱལ་ཅུང་ཟད་ཡོད་པ་མ་ཟད། འཛིན་གྲྭ་དེ་གའི་དགེ་རྒན་དག་གིས་ཀྱང་རང་རང་གི་ཡོན་ཚད་ཆེས་མཐོ་ཤོས་སྤྱད་དེ་སློབ་ཁྲིད་གནང་གིན་ཡོད་པས། རྩེར་སོན་འཛིན་གྲྭའི་སློབ་མང་ཆེ་བར་རང་ཉིད་འཛིན་གྲྭ་ཆེས་ལེགས་ཤོས་ན་ཡོད་པས་སློབ་ཆེན་གྱི་མཐོ་རྒྱུགས་དེས་ང་རང་འགོག་མི་ཐུབ་ཅེས་ཡིད་ཆེས་བརྟན་པོ་ཞིག་ཀྱང་ཡོད་རབས་སྨྲ། དེར་མུ་མཐུད་ནས་ཁོས་གཡུ་སྒྲོན་དང་འབྲེལ་བའི་སྐད་ཆ་གང་མང་ཆུ་བྱོ་བྱོ་བྱས་བྱུང་བས། ཉེན་དཔོན་ཞིག་དང་ཀུན་ནས་མཚུངས་པའི་སྣང་བ་ཞིག་ཀྱང་སྟེར་བར་བྱེད། སློབ་གྲོགས་གཡུ་སྒྲོན་ནི་མདོ་སྨད་ཀྱི་གྲོང་ཆེན་པོ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ལྷོ་རྒྱུད་དང་དགུ་ཆུ་སྔོན་མོ་ཤག་ཤག་བཞུར་བའི་འགྲམ་རྒྱུད་ཀྱི་དར་ལག་སྡེ་བ་ནས་སྐྱེས་པ་རེད། གཞན་ཁོ་མོའི་ནམ་རྒྱུན་གྱི་འཚོ་བའི་ནང་སྨྲ་བ་དེ་ཙམ་མང་རྒྱུ་མེད་པས། སྒོམ་ཆེན་པ་ཞིག་དང་ཤིན་ཏུ་མཚུངས། དེ་མིན་མོ་ཡག་མོ་སྒོ་དང་གཟུགས་སྐྱེ་ལུས་ཀྱི་ཐད་དུ་འཛིན་གྲྭ་ཡོངས་ལས་ཆ་འཇོག་སར་གྱུར་མེད་ན་ཡང་། ཁ་བྱང་ལ”འཕྲིན་ཡིག་དུང་བྱ་དཀར་མོ”ཞེས་བྲིས་ཡོད་པའི་འཕྲིན་ཐུང་ཁ་ཤས་རེ་འབྱོར་ཡོད་པ་ངས་ཀྱང་དངོས་སུ་མཐོང་མྱོང་མོད། སྐབས་དེར་མོར”བསམ་འཕེལ”ཟེར་བའི་དགའ་རོགས་ཤིག་ཡོད་པས་མཐོ་རྒྱུགས་མཇུག་རྫོགས་རག་བར་དུ་ཁོ་གཉི་གའི་བརྩེ་དུང་ལ་ཕལ་ཆེར་གཡོ་འགུལ་མ་བྱུང་ཐལ། མཐོ་རྒྱུགས་ཀྱི་གཡུལ་འཐབ་ཁྲོད་ཁོ་མོ་ཡར་འཐེན་བྱས་ཡོད་པ་དང”བསམ་འཕེལ”མར་གཡུགས་འདུག་པས། ཁོ་མོས་ཀྱང”བསམ་འཕེལ”ལ་རེ་བ་མེད་ཚུལ་བཤད་དེ་མཇུག་མཐའི་བདེ་མོ་བཞག་འདུག དེ་བས། ངེད་ཅག་གྲོགས་པོ་འགའ་ཤས་ཀྱིས་ཀྱང་མཐོ་འབྲིང་གི་སྐབས་སུ”ཁྱོས་མི་ཟ་ན་ངས་ཀྱང་མི་འཐུང”ལྟ་བུ་ཡིན་ཞེས་སྒྲོག་པར་བྱེད་མོད། རྒྱུགས་ཤིག་གི་གྲུབ་འབྲས་ལས་མིའི་ལྷད་མེད་པའི་བརྩེ་དུང་ལའང་གྱེས་བརྡ་བཏང་འགྲོ་བ་ཞིག་ཡིན་ཚེ། ཕལ་ཆེར་མི་དེའི་ཕྱི་ནང་ཐམས་ཅད་གསལ་བོ་རེད་ཅེས་བཤད་པ་ཡིན་ཟེར། སློབ་ཆེན་ལ་མ་ཡོང་བའི་སྔུན་དང”བསམ་འཕེལ”ལ་གྱེས་བརྡ་བཏང་བའི་མཇུག་ནས་བཟུང་། ཚེ་རིང་ཟླ་བ་དང་ཁོ་གཉི་གར་བརྩེ་དུང་གི་གཏམ་རྒྱུད་འདི་བྱུང་བ་རེད། དེ་ནས་ཡུན་རིང་མ་ལོན་པར”སྟོབས་རྒྱས”ཀྱི་མཛུབ་དཀྲིས་ཤིག་ལ་རྐྱེན་བྱས་ཏེ”ཚེ་རིང་ཟླ་བ”ཡང་དོར་བ་རེད།”འོ་རེད་རེད། དེ་འདྲ་ཞིག་ཡིན་ཚེ། མོས་དོན་དག་ཅང་ཕུད་མི་སྲིད་པ་ཐག་གིས་ཆོད་པས། འུ་གཉི་གས་ཀྱང་སློབ་ཁྲིད་འདིའི་མཇུག་སྐྱོང་བར་བྱེད།”ཅེས་བཤད་པ་ན། སློབ་ཁྲིད་འདིའི་ཕྱེད་ཀ་ཡང་ཐག་ཐག་འདས་འདུག ད་ཡང་གཟའ་མཇུག་གི་གསེར་ལས་དཀོན་པའི་ངལ་གསོའི་དུས་ཚོད་ཅིག་ཐོན་བྱུང་།
“ཚེ་རིང་ཟླ་བ། ད་ཐེངས་འཆར་གཞི་ཅི་ཞིག་ཡོད།”
ད་རེས་དམིགས་བསལ་གྱི་ལས་འཆར་ཅི་ཡང་མེད། ཚེ་སྐྱིད་དང་མཉམ་པོར་ཕྱི་རོལ་ལ་འཆམ་འཆམ་དུ་འགྲོ་དགོས།”
“དེ་ཟེར་ན། ཚེ་སྐྱིད་དང་ཁྱོད་གཉིས་ཀྱིས་ཅི་ལྟར་ངོ་ཤེས་པ་ཡིན། བར་བ་སུ་ཡིན། ཧ་ཧ་ཧ།”
“དེང་སྐབས་ཀྱི་སློབ་ཆེན་པའི་བརྩེ་དུང་ལ་བར་བ་དགོས་པ་མ་རེད། ང་ལ་མོ་ལྷ་ཅི་འདོད་འཁོར་བ་ཁྱོས་ཀྱང་ཤེས་གསལ་ཡིན།”
སྐབས་དེར་ཚེ་རིང་ཟླ་བ་ལ་གློ་བུར་དུ། མིང་ལ”ཡིད་ཀྱི་འཁྲི་ཤིང”ཞེས་གཏགས་འདུག་པའི་ཁ་པར་ཞིག་འབྱོར་ཞིང་། “ཡ་ཡ། ད་ཐོན་ཡོང”ཞེས་བཤད་བཞིན་སྒོར་བུད་སོང་བས། མལ་ཁང་ཡོངས་ང་གཅིག་པུ་ལ་དབང་ཞིང་ང་གཅིག་པུ་ལའང་ཧ་ཅང་སུན་པའི་སྣང་བ་ཞིག་རང་དབང་མེད་པར་སྐྱེས་ཡོང་།
ཚེ་སྐྱིད་ནི་འཛིན་གྲྭ་ཡོངས་ལས་བྱ་དངོས་གང་ལའང་རྒྱུས་ལོན་བྱེད་མཁན་གྱི་བུ་མོ་འབའ་ཞིག་སྟེ། རྟག་པར་དགེ་རྒན་དག་གིས་ཀྱང”སློབ་ཆེན་ནས་བྱ་བ་གང་ལའང་ཉམས་མྱོང་ལེན་དགོས། དེ་མིན་ཕྱིར་སྤྱི་ཚོགས་སྟེང་སོང་ན་དེ་འདྲའི་གོ་སྐབས་སོགས་ཤིན་ཏུ་དཀོན་པས་གྱོང་ཆེན་པོ་རེག་སྲིད།”ཅེས་སྐུལ་མ་གཏོང་བས་ཀྱང་ཡིན་པར་ངེས་ལ། སློབ་གྲྭ་ཞེས་པའི་ཐ་སྙད་འདིའི་ཉེ་བར་བཅར་བ་ནས་བཟུང”ཁོ་རེ་ཡའི་བརྩེ་དུང”དང་འབྲེལ་བའི་བརྙན་འཕྲིན་དག་གི་ཨ་མ་ལྟ་བུར་གྱུར་བས་ཀྱང་ཡིན་སྲིད། དེ་ལས་ཀྱང་མོའི་ནང་མི་ཚོས་ནམ་རྒྱུན་མོར་སློབ་གསོ་གཏོང་ཐེངས་རེར་ཡང”ངེས་པར་དུ་རྒྱ་ཡིག་སྦྱོང་དགོས། གལ་ཏེ་རྒྱ་ཡིག་ལེགས་པོ་ཞིག་རྒྱུད་ལ་འབྱོར་ཚེ་བོད་ཡིག་མ་ཤེས་ཀྱང་མི་སྐྱོན། དེང་གི་དུས་ལ་གཞུང་ཞབས་པའི་ཐོབ་ལེན་དགོས་ན་ངེས་པར་རྒྱ་ཡིག་མཁོ་བ་ལས་བོད་ཡིག་གིས་ས་ཟིན་ཐབས་མི་འདུག”ཅེས་བཤད་པས་དེ་རིགས་ཀྱི་རིག་གནས་གང་མང་ལྟ་ཀློག་བྱས་པའི་ཤུགས་རྐྱེན་ཐེབས་པ་ཡིན་ཡང་ངེས།
ཚེ་རིང་ཟླ་བ་དང་ཚེ་སྐྱིད་གཉི་ག་ས་འདིའི་ཀྲུང་ཕྱི་ཟུང་འབྲེལ་གྱིས་མཛེས་བཟོ་བྱས་པའི་ཆང་ཁང་ཞིག་ལ་འཛུལ་བྱུང་། དང་ཐོག་ཚེ་རིང་ཟླ་བ་ནི་འདི་འདྲའི་གནས་ལ་འགྲོ་ཐེངས་དང་བོ་ཡིན་པ་དང་ལས་ཀར་ཉམས་མྱོང་སོགས་ཀྱང་གང་ཡང་མེད་པས་ཅུང་འཛེམ་དོགས་འདྲ་བྱུང་ཞིང་། ཚེ་སྐྱིད་ཀྱིས”ཁྱོས་ཀྱང་འདི་རིགས་ལའང་ཉམས་མྱོང་བླངས་ན་དགའ། དེ་མིན་ཁྱོད་གླེན་པ་ལུག་ལྟ་བུ་ཞིག་ཏུ་འགྱུར་ངེས།”ཞེས་ཡང་ཡང་ཨུ་ཚུགས་བྱས་པ་ན། ཁོར་ཡང་ཅུང་བདེན་སྣང་ལྟ་བུ་ཤར་བཞིན་རྒུན་ཆང་དམ་རིང་ཞིག་གི་སྐེ་ལ་ཤུགས་ཀྱིས་འཐམ་སོང་། “ཨ་ལ་ལ། ཇི་འདྲའི་ཁ་བ་ལ་ཨང་། ཁྱོད་ལ་འདིས་གནོད་པ་འདྲ་མི་སྐྱེལ་ལམ།”ཚེ་རིང་ཟླ་བས་དེ་ལྟར་དྲིས་བྱུང་། “མི་སྲིད། གཟའ་འཁོར་གྱི་ངལ་དུབ་མཐའ་དག་སྐད་ཅིག་དེ་ཉིད་ལ་སངས་འགྲོ འདི་འདྲའི་རོ་བཅུད་ལྡན་པའི་རྒུན་ཆང་དག་ནི་ང་ཚོའི་འཚོ་བའི་ནང་མེད་མི་རུང་བའི་གྲུབ་ཆར་གྱུར་འདུག་པས། ཁྱོས་ཀྱང་དལ་འཐུང་བྱོས་དང་། རིམ་གྱིས་ལོབས་ངེས།” ཞེས་བཤད་ཞོར་དུ་བ་རྐང་གཅིག་ཀྱང་ཁོར་གཏད། “འོ་ཡ་ཡ། ད་དེ་འདྲ་ཡིན་ཡང་སྲིད།”
ས་སྲོད་ཀྱི་དུས་ཚོད་ལྔ་བར། ཚེ་རིང་ཟླ་བ་ཆང་གིས་ར་རོ་བར་གྱུར་ཏེ་མལ་ཁང་དུ་ཐོན་རྗེས། དགོས་དང་མི་དགོས་མེད་པར་ཁ་ལ་ཐོགས་ཚད་དང་སེམས་ལ་དྲན་ཚད་ཅི་རིགས་ཁ་ལ་སྒོ་དང་མིད་པར་འཕྲང་མེད་པར་བརྡོལ་བྱུང་།
“ཨ་རོ། ཚེ་རིང་ཟླ་བ། ནམ་ལངས་ཟིན། ད་ལངས་རན་སོང་།”
“ཡ་ཡ། དུས་ཚོད་དུ་རེད།”
“ཉིན་གུང་གི་དུས་ཚོད་གཅིག་རེད།”
“འོ་ཡ། ཨ་རོ། ཁྱོད་ཕྱི་ལ་འགྲོ་ན་ང་ལ་དུ་བ་སྒམ་གཅིག་ཉོ་རོགས། ཕྱིར་ཐོན་ན་སྒོར་མོ་སྟེར།”
“ཨེ། ཁྱོད་མ་གཞིར་དེ་འདྲའི་ཕྱོགས་ལ་མི་འགྲོ་ན་ད་མ་རྔུབ་ན་བཟང་གི་འདོད།”
“ཆེ་ཡིན་ཆེ་ཡིན། ཁ་རྩང་ཚེ་སྐྱིད་ཀྱིས་སློབ་ཆེན་ནས་བྱ་བ་གང་ལའང་ཉམས་མྱོང་ལེན་དགོས་ཚུལ་བཤད་པ་དེ་དོན་ལ་གནས་པར་བསམ།”
གཟའ་འཁོར་འདི་ནས་བཟུང་། ཚེ་རིང་ཟླ་བར་བལྟས་བལྟས་རིག་རིག་ལ་མངོན་སུམ་གསལ་རྗེན་གྱི་འགྱུར་ལྡོག་བྱུང་འདུག ནམ་རྒྱུན་དུ་བ་དང་ཁ་འབྲལ་མི་ཕོད་པ་ཞིག་ཏུ་གྱུར་བ་མ་ཟད། གཟའ་མཇུག་ལ་མ་ཐོན་པའི་བར་དུའང་ཐེངས་རེ་གཉིས་ལ་ཆང་ཁང་དུ་འགྲོ་བར་བྱེད།
གློག་དཀར་དམར་གྱི་འོད་མདངས་ལམ་ལམ་འཚེར་བའི་ཆང་ཁང་ཞིག་ཏུ། ཚེ་རིང་ཟླ་བས་ལག་པ་ནམ་མཁའ་འཕྱར་བཞིན། “ང་ཚེ་རིང་ཟླ་བས་ད་རག་ཏུ་སློབ་སྦྱོང་མ་བྱས་བསམ་པ་མེད། ཁྱོད་ཚོས་ང་ལ་དགའ་ཟེར་མཁན་ག་ཚོད་བྱུང་བ་ཨེ་ཤེས། གཡུ་སྒྲོན་ཨེ། མདོ་མེད་མ་དེ། སུ་ལ་སྒོར་མོ་ཡོད་ན་དེ་ལ་དགའ། སུས་ལེགས་སྐྱེས་རྩ་ཆེན་རེ་བྱིན་ན་དེ་ལ་འགྲོགས། དངོས་གནས་སྙིང་བོ་མི་འདུག ཚེ་སྐྱིད་ལ་ལྟོས་དང་། བྱ་བ་གང་ལའང་འཇུག་ཕོད་པ་མ་ཟད། ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན། ང་ལ་མོ་ལས་སུ་དགོས། དེ་ཨེ་རེད། ཨ”ཞེས་གླང་ཆེན་སྨྱོན་པར་དུག་བླུད་པ་ཇི་བཞིན་མལ་ཁང་ནང་གི་གྲོགས་པོ་ཚོ་ལ་མགྲོན་བྱེད་བཞིན་འདུག
གཡུ་སྒྲོན་གྱིས་ད་རུང་ཡང་སྡུག་གི་སྔན་པ་འཐེན་བཞིན་འདུག ཕར་བལྟས་ཚོད་ལ་ཁོ་མོར་སེམས་སྡུག་གིས་མནར་ཏེ་ལུས་ཀྱི་ཤ་རྒྱ་མ་ཆ་རེའང་ལྷུང་ཡོད་པ་འདྲ། གང་ལྟར་ད་ཐེངས་ཀྱི་བརྩེ་དུང་གི་ཕམ་ཁ་འདིར་མོ་ལ་བཤད་མི་ཤེས་པའི་ན་ཟུག་ཅིག་ཡོད་ཚོད་རེད། གཡུ་སྒྲོན་གྱིས་བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩེ་ཉི་ཤུ་རྩ་ལྔ་བཏང་རྗེས། བྲེལ་བྲེལ་འཚུབ་འཚུབ་ཀྱིས་རྒྱབ་ཁུག་ཁུར་ཏེ་སློབ་ཆེན་སློབ་རིམ་གསུམ་པའི་མོའི་མལ་ཁང་གི་ཕྱོགས་སུ་གོམ་ཁ་བསྒྱུར་སོང་། མོར་དེ་ག་ན་ཤ་ཉེ་ཞིག་ཡོད་པ་ཡིན་ནམ། ཡང་ན་སེམས་ཀྱི་སྐྱིད་སྡུག་བཤད་སའི་གྲོགས་པོ་འདང་ཆེན་ཞིག་ཡོད་པ་ཡིན་ཡང་སྲིད།
མལ་ཁང་གི་སྒོར་ཐོན་རྗེས་ཅུང་ཐེ་ཚོམ་གྱིས་ཨེན་ཙམ་ལ་འདང་ཞིག་བརྒྱབ་རྗེས། ངེད་ཀྱི་སློབ་གླིང་འདི་གའི་ཕོ་ཟད་མོ་ལ་གཏུག་དགོས་རུང་མོ་ལ་སྐྲག་ས་འཇིགས་ས་ཅི་ཡང་མེད་ཟེར་མཁན་གྱི་བསྟན་པ་དབང་མོའི་མལ་ཁང་གི་སྒོར་བུད་སོང་། བསྟན་པ་དབང་མོ་ནི་ང་ཚོའི་སློབ་གླིང་འདི་མ་ཟད་པའི་ས་ཁུལ་འདིའི་སློབ་ཆེན་ཡོངས་ན་མིང་གྲགས་ཆེན་པོ་ཆགས་ཡོད་དེ། གཞན་མོ་ལ”ཨ་སྟག་ལྷ་མོ”ཞེས་པའི་མིང་ཞིག་ཀྱང་རླུང་ལྟར་གྲགས་ཤིང་འབྲུག་ལྟར་ལྡིར་བཞིན་ཡོད། གཡུ་སྒྲོན་གྱིས་དང་ཐོག་བསྟན་པ་དབང་མོ་ལ་ཟ་རྒྱུ་ཅུང་ཟད་བྱིན་རྗེས་ཧ་ཅང་སྐྱོ་མདོག་དང་གཉོམ་ཆུང་གི་བཟོ་ཡིས་སྟོབས་རྒྱས་ཀྱིས་མོ་རང་རྩེད་ཆས་བྱས་པ་སོགས་དོན་དག་གི་མགོ་རྔ་བརྒྱུད་རིམ་ཐམས་ཅད་ལྷུག་པོར་བརྗོད་དེ་རོགས་རམ་ཅུང་ཟད་གནང་རྒྱུའི་རེ་བ་ཞུས་མོད། བསྟན་པ་དབང་མོ་དང་སྟོབས་རྒྱས་གཉིས་ནི་སྔོན་ཆད་ཆང་གྲོགས་ཡིན་པ་དང་ད་སྐབས་ཀྱང་འབྲེལ་བ་དེ་ཆད་མ་མཐུད་ཀྱིས་འགྲོ་བཞིན་ཡོད་པས། “དགོངས་པ་མ་ཚོམ། འདི་ལ་ངས་ཕལ་ཆེར་ནུས་པ་འདོན་དཀའ་ཚོད་རེད།”ཅེས་ལྡོག་པས། གཡུ་སྒྲོན་ཡང་ཅུང་ཡིད་ཆད་དེ་ཕྱིར་མལ་ཁང་དུ་མི་ལོག་ག་མེད་བྱུང་།
གཡུ་སྒྲོན་གྱིས་སླར་ཡང་མལ་ཁང་ནས་འདང་རྒྱག་མགོ་བརྩམས་བྱུང་། ད་ཐེངས་མོས་ཐབས་བཀོད་ཅི་འདྲ་ཞིག་འཐེན་སྲིད་དམ། གཡུ་སྒྲོན་གྱི་གོམ་པ་སློབ་ཁྲིད་ཐོག་ཁང་གི་ཕྱོགས་སུ་སྤོས་སོང་། ད་ནི་མོས་བློ་གཅིག་སེམས་གཅིག་གིས་དཔེ་ཆ་བལྟ་རྒྱུ་ཡིན་པ་འདྲ། ང་ཚོའི་མལ་ཁང་གི་གྲོགས་པོ་དག་གིས་དེ་ལྟར་འོལ་ཚོད་ཀྱིས་འདང་རྒྱག་གིན་ཡོད། དེ་ལྟར་མོ་སློབ་ཁྲིད་ཐོག་ཁང་དུ་ཕྱིན་ནས་དུས་ཚོད་ཕྱེད་ཙམ་ལོན་རྗེས་སློབ་གྲྭའི་སྲིད་དོན་ཁང་གི་མགོ་བ་གཉིས་རོགས་སུ་ཁྲིད་དེ་ཕོའི་མལ་ཁང་གི་ཕྱོགས་སུ་ཐོན་བྱུང་།
ད་ཐེངས་ད་གཞི་ནས་སློབ་གྲྭ་ཡོངས་ནས་སྔར་བྱུང་མ་མྱོང་བ་ཞིག་འབྱུང་རྒྱུ་ཡིན་པ་འདྲ། སྟོབས་རྒྱས་བསྡད་ཡོད་སའི་མལ་ཁང་གི་སྒོ་ཤུགས་ཀྱིས་རྡུང་བྱུང་། “ཨ་རོ། རེམ་མར་སྒོ་ཕྱེས། རེམ། སྲིད་དོན་ཁང་གི་མགོ་བ་ཡིན།”
འོ་ཧོ་ཧོ། སྟོབས་རྒྱས་སྲིད་དོན་ཁང་ལ་ཁྲིད་སོང་། ད་ནི་མཇུག་འབྲས་ཅི་འདྲ་ཞིག་འབྱུང་རྒྱུ་ཡིན་པ་ནི་སུས་ཀྱང་བཤད་དཀའ་བ་མ་ཟད། ཚེ་རིང་ཟླ་བ་ཡང་མི་ག་འདྲ་ཞིག་ཏུ་འགྱུར་རྒྱུ་རེད། དེ་མིན་གཡུ་སྒྲོན་དང་ཚེ་སྐྱིད་གཉི་གས་ཀྱང་དོན་དམ་དུ་ཅི་ཞིག་འདོད་ཀྱིན་འདུག ཡིད་རྟོན་དང་གཏད་སོ་བྲལ་བའི་གླིང་ག་འདི་ནས་སུ་ཞིག་ལ་ད་གཟོད་གཞུང་དྲང་དང་ཟོལ་མེད་ཀྱི་རྣམ་འགྱུར་བསྟན་ན་ཆོག་སྲིད། ཡང་སྙིང་སུ་ཞིག་གིས་ཁྱོད་རང་སྐྱིད་དུས་དགོད་རོགས་དང་སྡུག་དུས་ངུ་གྲོགས་བྱ་ངེས། མུན་པ་ལྟ་བུའི་བརྩེ་དུང་ཞིག་གི་ཁྲོད་ན་ཁོ་དང་ཁོ་མོ་ཚོ་ད་དུང་ཡང་མཚམས་མེད་དུ་འདུར་གྱིན་འདུག་མོད། དོན་དུ་དེའང་འཇིག་རྟེན་གྱི་འགྲོ་སྟངས་ཤིག་རེད་དོ།།


ལན་སློག


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up